འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་རྫོང་དང་ཆུས་74ཚང་མར་བོད་ལྗོངས་གློག་དྲ་ཁྱབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་31ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་གློག་དྲ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་284བཏང་བ་དང་། སྔོན་རྩིས་ལྟར་ན་དཔྱིད་གསར་དུས་ཆེན་གྱི་གོང་དུ་གློག་དྲ་རྫོང་(ཆུས)51ལ་ཁྱབ་པ་དང་2015ལོའི་ལོ་མཇུག་ཏུ་རྫོང་(ཆུས)58ལ་ཁྱབ་ཐུབ་པ་བྱུང་ནས་མི་ཁྲི་218ཀྱིས་གློག་སྤྱོད་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་གློག་དྲས་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་དང་ཁྲོན་བོད་སྤེལ་རྒྱུག་དྲ་སྦྲེལ་ལས་གྲྭ་སྔ་རྗེས་སུ་བསྐྲུན་ཟིན་ནས་བོད་དབུས་རྒྱུད་ཀྱི་གློག་དྲ་དང་ཆབ་མདོའི་གློག་དྲ་དྲ་བ་རྐྱང་པའི་ཐོག་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་། བོད་ལྗོངས་དབུས་རྒྱུད་ཀྱི་གློག་དྲ་ཆན་ཕུའུ་220ཡི་དྲ་བ་གཙོ་བོ་དང་དེ་བཞིན་རྫམ་དང་ཕུ་མདོ་གློག་ཁང་གི་གློག་ཕྱིར་གཏོང་ལས་གྲྭ་བསྐྲུན་ཟིན་པ། བོད་ལྗོངས་དབུས་རྒྱུད་ཀྱི་ཆན་ཕུའུ་220ཡི་གློག་དྲ་ལྷ་ས་ནས་ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་བཅས་བར་སྣུར་སྲིང་བྱུང་ནས་གློག་དྲའི་དྲ་བ་གཙོ་བོ་ཆན་ཕུའུ་110ནས་ཆན་ཕུའུ་220བར་རིམ་སྤོར་དང་མཆོང་སྐྱོད་བྱུང་ཡོད་པ་རེད།
         མིག་སྔར་ཉིང་ཁྲི་དང་། ཀླུ་ནང་། ཡར་འབྲོག་གཡུ་མཚོ་བཅས་ཀྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་མྱུར་སྐྲུན་བྱེད་བཞིན་ཡོད་པས་2015ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ཏེ་གློག་གཏོང་ཐུབ་རྒྱུ་དང་། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭར་ཁྱོན་ཡོངས་ནས་སྐུལ་མ་བཏང་སྟེ་དཔྱིད་གསར་དུས་ཆེན་གོང་གློག་དྲ་རྫོང་(ཆུས)51ལ་ཁྱབ་རྒྱུ་རེད། མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་དང་། དགེ་རྒྱས་རྫོང་། རྩྭ་མདའ་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་དང་། འགོ་འཇོ་རྫོང་། རི་བོ་ཆེ་རྫོང་བཅས། ནག་ཆུ་ས་ཁུལ་གྱི་འབྲི་རུ་རྫོང་བཅས་ཀྱི་ཞིང་དྲ་འཛུགས་སྐྲུན་ལས་གྲྭར་ཁྱོན་ཡོངས་ནས་སྐུལ་མ་གཏོང་བཞིན་ཡོད་པས་2015ལོའི་ཟླ་8པར“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་གློག་དྲ་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་རྒྱུ་རེད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་གློག་ཤུགས་མཁོ་འདོན་གྱི་རྣམ་པ་ནི་བོད་ལྗོངས་གློག་ཤུགས་ཀྱི་ལོ་རྒྱུས་ཐོག་ལེགས་ཤོས་ཤིག་ཡིན། སྔོན་རྩིས་ལྟར་ན། འདི་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་བོད་དབུས་རྒྱུད་ཀྱི་གློག་དྲའི་གློག་སྤྱོད་ཀྱི་གློག་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་70ཟིན་པ་དེ་དུས་མཚུངས་ལས་14.8%འཕར་ནས་འདི་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་གློག་མཁོ་སྤྲོད་སྤྱིར་དོ་སྙོམས་དང་། ཆབ་མདོའི་གློག་དྲའི་གློག་སྤྱོད་ཀྱི་གློག་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་7.3ཟིན་པ་དེ་དུས་མཚུངས་ལས་24.8%འཕར་ནས་གློག་མཁོ་འདོན་འདང་ངེས། མངའ་རིས་ཀྱི་གློག་དྲའི་གློག་སྤྱོད་ཀྱི་གློག་ཐེག་ཚད་ཆེ་ཤོས་ཆན་ཝ་ཁྲི་0.72ཟིན་པ་དེ་དུས་མཚུངས་ལས་14.8%འཕར་ནས་གློག་མཁོ་འདོན་གྱི་དགོས་མཁོ་སྤྱིར་ན་སྐོང་ཐུབ་པ་བཅས་ཡོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།