འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་བཞི་པ་ཁན་པེ་
    རར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དེ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་ཀའོ་ཧུའུ་ཁྲེང་དང་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་དང་མ་འཇོག་པུའི་པུའུ་ཀྲང་ཨན་ཏེ་ལུའུ•ལུའོ་པུའུ་ཡིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
          ཀའོ་ཧུའུ་ཁྲེང་གིས་དུས་རབས་གསར་པ་འཆར་ཚུན་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ས་ཁུལ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། 2013ལོར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1364ཟིན་པ་དེ་ལོ་བཅུའི་གོང་ལས་ལྡབ་10ལྷག་ཙམ་འཕར་ཡོད། ཀྲུང་གོ་ནི་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་རོགས་ཟླ་ཨང་དང་པོ་དང་། ནང་འདྲེན་བྱེད་ཡུལ་ཨང་དང་པོ། ཕྱིར་གཏོང་དམིགས་ས་ཨང་དང་པོ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱི་མ་འཇོག་མགྱོགས་མྱུར་འཕར་ཞིང་། 2013ལོའི་ལོ་མཇུག་བར། ཨོ་སི་ཁྲུ་ལི་ཡར་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་སྣ་ཚོགས་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་585ཟིན་ཡོད་ཅེས་བརྗོད་པ་རེད།
           ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དེ་ཀྲུང་གོའི་ཚོང་དོན་པུའུ་དང་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་ཚོང་དོན་པུས་མཉམ་དུ་གཙོ་གཉེར་བྱས་པ་དང་། ད་བར་སྐབས་བཞི་གཉེར་ཡོད། སྐབས་འདིའི་གླེང་སྟེགས་ཐོག་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣ་200ལྷག་ཙམ་ཞུགས་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་འཐུས་མིས་ད་དུང་སློབ་གསོ་དང་། ཡུལ་སྐོར། ནུས་རྒྱུ། གཏེར་ཐོན། བཟའ་རིགས། ས་ཁང་བདག་ཁོངས་ཐོན་ལས་སོགས་ཁྱབ་ཁོངས་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།