འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།གཟི་ཚ་སྡེ་དགུར“དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་20ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཟི་ཚ་སྡེ་དགུ་རྫོང་རིག་གནས་སྡེ་ཚན་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་སྒྲིག་འཛུགས་བྱས་པའི་༢༠༡༤ནས་༢༠༡༦ལོའི་བར་གྱི“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དཔྱད་ཞིབ་ལས་དོན་གྱི་མཇུག་འབྲས་ད་ཆ་ཡོངས་བསྒྲགས་བྱས་པ་སྟེ། རྔ་བ་ཁུལ་གྱི་རྣམ་གྲངས་༡༦ཚང་མ་༢༠༡༤ནས་༢༠༡༦ལོའི་བར་གྱི“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་གྲས་སུ་བདེ་བླག་ངང་ཚུད་ཅིང་། གཟི་ཚ་སྡེ་དགུ་རྫོང་ནི་ནན་ཕིང་གླུ་གཞས་ཀྱིས་རྐྱེན་པས་ཚུད་པ་ཞིག་རེད།
         “ནན་ཕིང་གླུ་གཞས”(南坪曲子)ནི་གཟི་ཚ་སྡེ་དགུའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཞིག་སྟེ། ས་གནས་དེ་གའི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ལ་དེ་གའི་གྲོང་གསེབ་ཏུ་ལྷག་ཏུ་དར་འཕེལ་བྱུང་ཡོད། མིག་སྔར་ནན་ཕིང་གླུ་གཞས་སྦྱོང་བརྡར་དང་འཁྲབ་སྟོན་བྱེད་མཁན་གྱིས་རྫོང་དེའི་ཤང་དང་གྲོང་རྡལ་ཁག་དང་སློབ་གྲྭ་འབྲིང་ཆུང་ཁག་ཚང་མར་ཁྱབ་ཅིང་། ནན་ཕིང་གླུ་གཞས་སྦྱོང་བརྡར་ནང་ཞུགས་མཁན་དང་ཡང་ན་ནན་ཕིང་གླུ་གཞས་གཏོང་རྒྱུ་དང་ཉན་རྒྱུར་དགའ་པོ་བྱེད་མཁན་མི་གྲངས་༦༠༠༠༠ལྷག་ཙམ་ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་༧༠%ཡན་ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”དཔྱད་ཞིབ་མིང་འདོགས་ལོ་གསུམ་རེར་ཐེངས་གཅིག་བྱེད་ཀྱི་ཡོད་པ་དེ་འཁྲབ་སྟོན་སྒྱུ་རྩལ་དང་། དབྱིབས་བཟོའི་སྒྱུ་རྩལ། ལས་ཤེས་བཟོ་རྩལ། དམངས་ཁྲོད་བྱེད་སྒོ་བཅས་རིགས་ཆེན་པོ་བཞིར་ཕྱེ་བར་རོལ་དབྱངས་དང་། ཞབས་བྲོ། ཟློས་གར། དམངས་ཁྲོད་རྩོམ་རིག་སོགས་ཚུད་ཡོད་པ་རེད། གཟི་ཚ་སྡེ་དགུ་རྫོང་ལ་ཐེངས་འདིར“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་པ་དེར“གཟི་ཚ་སྡེ་དགུའི་ནན་ཕིང་གླུ་གཞས”ཀྱི་རིག་གནས་མིང་བྱང་བཏོད་དེ་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་ཐད་དང་གཟི་ཚ་སྡེ་དགུ་རྫོང་གི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།