འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་
    ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་གིས་ལྷ་སར་ཚང་འཛོམས་ཚོགས་འདུ་ཐེངས་6པ་འཚོགས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་བཀོད་སྒྲིག་བླང་བྱ་ལྟར་ལོ་གསུམ་རིང་དང་ལྷག་པར་དུ་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་གསུམ་པར་ཕྱོགས་སྡོམ་བྱས་པ་མ་ཟད་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཞིབ་འཇུག་བྱས་ནས་བཀོད་སྒྲིག་ཀྱང་བྱས་པ་རེད།
        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེང་དང་།རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེ།ཅིན་ཧྲེ་ཤུན་བཅས་ཚོགས་འདུར་ཕེབས་ཡོད།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་གཡུང་ཅུན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་གསུམ་པའི་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
        འབྲེལ་ཡོད་སྙན་སེང་གསན་རྗེས་ཝུའུ་དབྱིང་ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གསུམ་པ་ན་ནིང་ཟླ་12པར་བཅའ་སྡོད་བྱས་པ་ནས་བཟུང་།ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་།སྐབས་གོང་མའི་ལས་དོན་རུ་ཁག་ཁག་གཉིས་ཀྱིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་གྲོང་ཚོར་བཅའ་སྡོད་ལས་དོན་དེ་མུ་མཐུད་གཏིང་ཟབ་ཡོང་བ་བྱས་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་བྱེད་ནུས་དང་།གོང་བུ་འགྲིལ་ཤུགས།འཐབ་ནུས་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་།ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་ཡག་ཏུ་སོང་བ།གཞི་རིམ་འཕེལ་རྒྱས་ཀྱི་རྟིང་ཤུགས་སྔར་བས་ཆེ་རུ་ཕྱིན་པ།མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་སོང་བ།ཏང་དང་མང་ཚོགས་དང་།ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་བ།གྲོང་ཚོ་ཨུ་ལྷན་གྱི་བཀོད་པ་སྔར་བས་ལེགས་སུ་སོང་བ་བཅས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཡོད་ཅེས་སྟོན་པ་རེད།
        ཝུའུ་དབྱིང་ཅེས་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་།ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20སོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ།རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་མུ་མཐུད་གཞི་རིམ་དུ་བསྐྱོད་ནས་ཞབས་ཞུ་དང་བྱ་སྤྱོད་དངོས་ལ་བརྟེན་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་བ་དང་གྲོང་ཚོར་བཅའ་སྡོད་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག་རྨང་བརྟན་དམངས་ཕན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས“མང་ཚོགས་ལ་དངོས་ཕན་ཐོབ་པ་དང་།ལས་བྱེད་པར་སློབ་གསོ་ཐེབས་པ།གཞི་རིམ་དེ་བས་བརྟན་ལྷིང་ཡོང་བ།འཕེལ་རྒྱས་ལ་རྟིང་ཤུགས་ལྡན་པ”བཅས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་བྱས་ནས་འབྱོར་འབྲིང་བོད་ལྗོངས་སྒོ་ཀུན་ནས་བསྐྲུན་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་སྟེ།གཅིག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་གསུམ་པའི་ལས་འགན་མགོ་ཡོད་མཇུག་ཡོད་ངང་ལེགས་སྒྲུབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དངོས་ཕན་སྣ་ཚོགས་དང་།རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་མྱོང་ཚོར་ཐུབ་པ་བྱེད་པ་དང་།གཉིས་ནས་ཉེ་བའི་ལོ་གསུམ་རིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་ཏེ་ཉམས་མྱོང་བསྡུ་ལེན་དང་གནད་དོན་ཐག་གཅོད་བྱས་ནས་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་འཕེལ་རྒྱས་གཏོང་བར་རྨང་གཞི་འདིང་དགོས་པ།གསུམ་ནས་ལས་ཀའི་གཞི་རྟེན་གསར་གཏོད་ཧུར་ཐག་བྱེད་པ་དང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་གསར་གཏོད་ལྡན་པའི་སྒོ་ནས་ལས་ཀ་བསྒྲུབས་ཏེ་མང་ཚོགས་ལ་འབྲེལ་གཏུག་ཞབས་ཞུ་དང་།གཞི་རིམ་འཕེལ་རྒྱས་ལ་སྐུལ་མ།གཞི་རིམ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པ་བཅས་ཡིན་པའི་ནན་བཤད་གནང་བ་རེད།
        ཝུའུ་དབྱིང་ཅེས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཚད་དང་ལྡན་པ་དང་།ཚན་རིག་དང་མཐུན་པ།རྒྱུན་གཏན་བཅས་ཡོང་བ་བྱ་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་རིམ་ཁག་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོ་མི་འགྱུར་བ་དང་ངར་ཤུགས་མི་ཆགས་པ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས།གོམ་སྟབས་རྗེས་མའི་གྲོང་ཚོར་བཅའ་སྡོད་ལས་དོན་དོན་འཁྱོལ་བྱེད་རྒྱུ་མུ་མཐུད་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་པ་མཐིལ་རྟོགས་བྱེད་པ་དང་།འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ།བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ།གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ།རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་དེ་བོད་ཀྱི་གཞི་རིམ་གྱི་རྨང་གཞིའི་ལས་དོན་གྱི་སྤུས་རྟགས་ཤིག་ཏུ་ཧུར་ཐག་གཏོད་པ་དང་།ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་དང་།ཞི་མཐུན་བརྟན་ལྷིང་།དམངས་འཚོ་ལེགས་གཏོང་།མི་རིགས་མཐུན་སྒྲིལ།ཆོས་ལུགས་འཆམ་མཐུན།སྣོད་བཅུད་ལེགས་པ།ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཡིན་པའི་ལྗོངས་ཡོངས་ཀྱི་དུས་བབ་བཟང་པོ་སྔར་བས་སྲ་བརྟན་དུ་གཏོང་བར།གཅིག་ནས་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་།མངགས་གཏོང་ཚན་པ་ཁགརིམ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)དང་ས་ཁུལ(གྲོང་ཁྱེར)དང་།རྫོང(ཆུས) ཤང(གྲོང་རྡལ)བཅས་ཁག་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་བྱེད་དགོས་པ་དང་།གཉིས་ནས་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གི་ལྟ་སྐུལ་འགན་འཁྲི་ནན་དུ་བཏང་སྟེ་ལྟ་སྐུལ་དཔྱད་ཞིབ་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།འགན་འཁྲི་བདའ་འདེད་ནན་པོ་བྱེད་པ།དཔྱད་ཞིབ་ཀྱི་འབྲས་བུ་བེད་སྤྱོད་ཡག་པོ་བྱེད་དགོས་པ།གསུམ་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་གྲོང་ཚོར་བཅའ་སྡོད་རུ་མིའི་ལས་ཀ་དང་འཚོ་བར་དོ་ཁུར་བྱས་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།