འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་
    ཕུལ་བའི་མཛད་སྒོ་དེ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་
ཕུལ་བའི་མཛད་སྒོ་དེ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་30ཉིན་ནི་རྒྱལ་ཁབ་ཀྱིས་བཙུགས་པའི“སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ”དང་པོ་དེ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་65འཁོར་བའི་དུས་དང་ཏག་ཏག་འཁེལ་ཡོད། སྔ་དྲོ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་མི་དམངས་དཔའ་བོར་མེ་ཏོག་སི་ར་ཕུལ་བའི་མཛད་སྒོར་ཞུགས་ནས་ཉེ་རབས་ཚུན་དུ་ཕྱི་ནང་གི་དགྲ་བོར་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན། མི་དམངས་ལ་རང་དབང་དང་བདེ་སྐྱིད་ཐོབ་རྒྱུར་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ལྡན་པ་ཡོང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པ་རེད།
        བརྗིད་ཆགས་ཤིང་རྒྱ་ཆེ་བའི་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་ལས་རིགས་ཁག་གི་འཐུས་མི་3000ཡིས་ལག་ཏུ་མེ་ཏོག་སོས་པ་ཁྱེར་ནས་རུ་སྟར་བསྒྲིགས་ཏེ་གུས་སྟབས་ཀྱིས་ལངས་ཤིང་། ཁོང་ཚོའི་ཁྲོད་ལོ་རྒན་དགུ་བཅུ་སྒྲོལ་བའི་འཐབ་འཛིང་པ་རྙིང་པ་དང་བློ་མཐུན་རྒན་གྲས་དང་། བྲང་དུ་དར་དཔྱང་དམར་པོ་བཏགས་པའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི།བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་གཞོན་ནུ་སློབ་མ་དང་ལོ་ཆུང་བྱིས་པ་བཅས་ཡོད་པ་རེད།
        ཆུ་ཚོད་10པ་སླེབས་མཚམས་སུ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞབས་ཐང་མར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གུས་སྟབས་ཀྱིས་བཞེངས་པ་རེད།
        “གུས་དམག་རང་གནས་སུ་ལོངས”ཞེས་པའི་བཀའ་བརྡ་སྒྲོག་པ་དང་ཆབས་ཅིག་ཅུན་གསུམ་པའི་གཟབ་སྦྲེང་དཔུང་དམག་གི་དམག་མི་30ཡིས་ཉམས་དང་ལྡན་པའི་གོམ་སྟབས་སྤོས་ནས་རུ་སྟར་ཉིས་སྒྲིག་ཐོག་དྲན་གསོའི་རྡོ་རིང་མདུན་དུ་མེ་མདའ་ཁྱེར་ནས་ཀྲོང་ངེར་ལངས་པ་རེད།
        ཆུ་ཚོད་10པ་ཏག་ཏག་ཏུ་མི་དམངས་དཔའ་བོར་མེ་ཏོག་སི་ར་ཕུལ་བའི་མཛད་སྒོ་འཚོགས་པ་རེད།དམག་མིའི་རོལ་ཚོགས་ཀྱིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཞེས་པ་བཀྲོལ་བ་རེད།བརྗིད་ཉམས་ལྡན་ཞིང་སྐད་གསང་མཐོ་བའི་རྟ་དབྱངས་སྒྲོག་པ་དང་ཆབས་ཅིག་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དེ་གར་ཡོད་པའི་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་སྐད་གསང་མཐོན་པོས་བླངས་པ་རེད།
        རྒྱལ་གླུ་བཏང་ཚར་རྗེས་ཚོགས་ར་ཡོངས་སུ་གུས་སྟབས་ངང་ལངས་ཏེ་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་མཁན་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
        ལོ་65ཡི་གོང་གི་ཟླ་9ཚེས་30ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་ཚོགས་འདུ་སྐབས་དང་པོའི་ཐོག་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད། ལོ་65ཡི་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཟླ་9ཚེས་30ཉིན“སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ”འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།
        དམག་མིའི་རོལ་ཚོགས་ཀྱིས་བརྩེ་དུང་ཟབ་པའི《མེ་ཏོག་སོས་པའི་གླུ》ཞེས་པ་བཀྲོལ་བ་དང་།གུས་དམག་18ཀྱིས་མེ་ཏོག་སི་ར་བཏེགས་ནས་དལ་པོའི་ངང་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་རྨང་སྟེགས་ཐོག་བཞག་པ་རེད།
        ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐེམ་སྐས་འཛེགས་ནས་དྲན་གསོའི་རྡོ་རིང་གི་རྨང་སྟེགས་ཐོག་ཕེབས་ཏེ་མེ་ཏོག་སི་རའི་མདུན་དུ་བཞེངས་ནས་གཟིགས་པ་རེད།
        ཞིས་ཅིན་ཕིང་གིས་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་གོས་ཐག་ལེགས་སྒྲིག་གནང་ཞིང་།དེ་རྗེས་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དལ་པོས་སྐོར་བ་བསྐྱོན་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཞལ་མཇལ་ཞུས་པ་རེད།
        ལོ་ཆུང་བྱིས་པ་དང་ལས་རིགས་ཁག་གི་འཐུས་མིས་སྔ་རྗེས་སུ་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་ནས་ལག་ནང་གི་མེ་ཏོག་སོས་པ་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་ཞུས་ཏེ་ད་ཆའི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་མྱོང་རོལ་བྱས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་དོན་ཨུ་ཡོན་ཁག་གཅིགཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཁག་གཅིག་བཅས་མཛད་སྒོར་ཞུགས་ཡོད་པ་རེད།
        མེ་ཏོག་སོས་པའི་སི་ར་འབུལ་བའི་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་གིས་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།