འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་
    མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་
    ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་
ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།
        ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པ་ཟླ་9ཚེས་28ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
        ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་རང་རྒྱལ་གྱི་མི་རིགས་ལས་དོན་ལ་འཕྲད་པའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་དེང་སྐབས་དང་སླད་ཕྱིན་སྐབས་ཤིག་རིང་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་རྒྱས་བཤད་གཏིང་ཟབ་གནང་བ་དང་།ལི་ཁེ་ཆང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གསུང་བཤད་གནང་བ།ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གྲོལ་སྐབས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
        ད་རེས་ཚོགས་འདུའི་ལས་འགན་གཙོ་བོ་ནི།དུས་བབ་གསར་པའི་འོག་གི་མི་རིགས་གནད་དོན་དང་མི་རིགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཕྱུགས་པ་མེད་པའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་དང་།དམིགས་ཚད་ལས་འགན་གསལ་པོ་བཟོ་བ།གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
        ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན།མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཤིག་ཡིན་ལ་རང་རྒྱལ་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་རེད།མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་ལྟ་ན་སྡུག་པའི་རི་ཀླུང་དང་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་བཏོད་པ་དང་།ཐུན་མོང་ཐོག་ཡུན་རིང་བའི་ཀྲུང་གོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་བཏོད་ཡོད།རང་རྒྱལ་གྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་དེའི་ནང་རང་རྒྱལ་གྱི་མི་རིགས་ཁག་ཁྱབ་ཚུལ་ཐད་ཕན་ཚུན་འདྲེས་ནས་སྡོད་པ་དང་།རིག་གནས་ཐད་ཕན་ཚུན་བསྡུ་ལེན་བྱེད་པ།དཔལ་འབྱོར་ཐད་ཕན་ཚུན་གཅིག་ལ་གཅིག་བརྟེན།བརྩེ་སེམས་ཐད་ཕན་ཚུན་མཛའ་ཞིང་བརྩེ་བ་བཅས་ཡོད་པས་ཁྱེད་ཀྱི་ཁྲོད་དུ་བདག་ཡོད་པ་དང་བདག་གི་ཁྲོད་དུ་ཁྱེད་ཡོད་པའི་ཕན་ཚུན་འབྲལ་ཐབས་མེད་པའི་རྒྱུ་མང་གཞི་གཅིག་ཅན་གྱི་རྣམ་པ་ཞིག་ཆགས་ཡོད།ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་གི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་ཁོངས་མིའི་དབར་གྱི་འབྲེལ་བ་དང་།མི་རིགས་ཁག་དབར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་གཅིག་ནང་གི་ཁོངས་མི་མི་འདྲ་བའི་དབར་གྱི་འབྲེལ་བ་རེད།མི་རིགས་གནད་དོན་ཐག་གཅོད་ཡག་པོ་དང་མི་རིགས་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན།རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་ཡུན་རིང་དར་རྒྱས་དང་འབྲེལ་བ་ཡོད་པའི་དོན་ཆེན་བཅས་རེད།ཏང་ཡོངས་ཀྱིས་རང་རྒྱལ་ནི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་རྒྱལ་ཁབ་གནས་ཚུལ་དེ་བློ་ལ་བརྟན་པོར་ངེས་ཏེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་མཐོ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་སྒྲིལ་ཐུབ་པ་བྱས་ཏེ་བློ་གཅིག་སེམས་གཅིག་གིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན།ཀྲུང་གོ་གསར་པ་བཙུགས་ནས་ལོ་65རིང་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ནི་ཡང་དག་པ།རང་རྒྱལ་གྱི་མི་རིགས་འབྲེལ་བ་སྤྱི་ཡོངས་ནས་ཞི་མཐུན།རང་རྒྱལ་གྱི་མི་རིགས་ལས་དོན་བསྒྲུབས་པ་ནི་གྲུབ་འབྲས་ཐོབ་པ་བཅས་རེད།
        ཚོགས་འདུའི་ཐོག་བསྟན་དོན།མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་རེད།མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱེད་པ་དང་།ཆེས་གོ་ཆོད་ཤོས་ནི་མི་སེམས་འགུག་ཐབས་བྱ་རྒྱུ་དེ་རེད།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད།འོན་ཀྱང་མི་རིགས་ས་ཁུལ་ཁག་གཅིག་ཏུ་མང་ཚོགས་ལ་དཀའ་ངལ་མང་པོ་དང་།དཀའ་ངལ་ཡོད་པའི་མང་ཚོགས་མང་པོ་ཡོད་པར་བརྟེན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་དཀའ་བར་བརྟེན་ངེས་པར་དུ་འཕེལ་རྒྱས་བྱེད་མགྱོགས་སུ་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།ཀྲུང་དབྱང་དང་།དར་རྒྱས་ཆེ་བའི་ས་ཁུལ།མི་རིགས་ས་ཁུལ་བཅས་གསུམ་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་ཡག་པོ་བྱས་ནས་མཐའ་མཚམས་ས་ཁུལ་དང་།དབུལ་ཕོངས་ས་ཁུལ།སྣོད་བཅུད་སྲུང་སྐྱོང་ཁུལ་བཅས་སུ་ཁྱད་པར་ཅན་གྱི་ས་ཁོངས་སྲིད་ཇུས་ལག་བསྟར་བྱེད་པ་དང་།གཞན་སྒྱུར་གཏོང་སྤྲོད་དང་ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་ལམ་སྲོལ་ལེགས་སྒྲིག་བྱས་ནས་སྲིད་ཇུས་ཀྱི་སྒུལ་ཤུགས་དང་ནང་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་གཉིས་ཟུང་འབྲེལ་ནུས་ལྡན་བྱེད་དགོས།དམངས་འཚོར་དམིགས་ནས་འཕེལ་རྒྱས་དམ་འཛིན་བྱས་ཏེ་ལས་ཞུགས་དང་སློབ་གསོར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་།ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཡུལ་དེ་རང་ལ་ཕན་པ་བསྐྲུན་པ་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ།དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཆེ་བའི་ཁྱུ་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ།མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་ཕྱི་ཕྱོགས་སྒོ་དབྱེར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བཅས་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན།རྨང་གཞིའི་སྒྲིག་བཀོད་དང་།དབུལ་སྐྱོར་གསར་སྤེལ།གྲོང་ཁྱེར་དང་གྲོང་རྡལ་ཅན་དང་སྣོད་བཅུད་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཙོ་གནད་དུ་ལམ་དང་ཆུའི་གནད་དོན་ཐག་གཅོད་བྱེད་དགོས།འཐུང་ཆུའི་ཆུ་འདྲེན་ལས་གྲྭ་གལ་ཆེན་དང་།ཆུ་མཛོད་ཆེ་གྲས།རྐང་འཛིན་ཆུ་ཡུར་དྲ་བ་བཅས་ཁག་གཅིག་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས།ས་གནས་ལ་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གྱི་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་མི་རྣམས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱེད་དགོས།དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར་མི་རིགས་ས་ཁུལ་ནི་འཐབ་ས་གཙོ་བོ་ཡིན།ད་དུང་ཐུན་མིན་གྱི་ས་ཁམས་ཡུལ་ལྗོངས་དང་རིག་གནས་ཀྱི་ཁྱད་ཆོས་སྤྱད་དེ་མི་རིགས་ཀྱི་ཡུལ་སྲོལ་ལྡན་པའི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་འཆར་འགོད་བྱེད་དགོས།སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས་མི་རིགས་ས་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་མུ་མཐུད་ལག་བསྟར་བྱེད་པ་དང་ཀྲུང་དབྱང་དང་ས་གནས་ཚང་མས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཁ་གསབ་ཀྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན།ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ས་ཁུལ་གྱི་རང་ཉིད་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས་ཤིང་།ལེགས་ཆའི་ཐོན་ཁུངས་གསར་སྤེལ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།ཐོན་ལས་གྲུབ་ཆའི་ཆུ་ཚད་མཐོ་རུ་གཏོང་བ།ཞབས་ཞུ་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དེ་མི་རིགས་ས་ཁུལ་གྱི་ཀ་རྟེན་ཐོན་ལས་ལ་རིམ་བཞིན་འགྱུར་བ་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་གཙོ་གནད་ལ་སྐུལ་འདེད་བཏང་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་།དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་རྒྱུ་དེ་རེད།རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་དཔལ་འབྱོར་གྱི་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དམངས་འཚོ་ལེགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ལ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་ཚོགས་དྲང་སྙོམས་ལ་སྐུལ་འདེད་གཏོང་དགོས།སློབ་གསོའི་གཏོང་ཆ་དེ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ་གཟིགས་སྐྱོང་བྱེད་དགོས་པ་དང་།མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཚད་ལྡན་ཅན་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ།སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་ལག་ལེན་བསྟར་བ།མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་བ།སྐད་གཉིས་སློབ་གསོ་ཡག་པོ་གཉེར་བ་བཅས་བྱེད་དགོས།སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།ཁ་གཏད་རོགས་སྐྱོར་དང་རོགས་རམ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཨང་དང་པོར་བཞག་ནས་རོགས་སྐྱོར་གྱི་མ་དངུལ་རྣམས་གཙོ་བོ་དམངས་འཚོ་དང་གཞི་རིམ་དུ་སྤྱོད་དགོས།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན།མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་དངོས་པོའི་ཐད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ།བསམ་པའི་ཐད་ཀྱི་གནད་དོན་ཡང་ཐག་གཅོད་ཡག་པོ་བྱེད་དགོས།ནོར་འཁྲུལ་གྱི་བསམ་བློའི་འདུ་ཤེས་སྣ་ཚོགས་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་ངོ་རྒོལ་བྱས་ནས་ཡིན་མིན་ཆེན་པོ་དབྱེ་འབྱེད་དང་རྒྱལ་ཁབ་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་བསམ་བློའི་སིམ་འཛུལ་འགོག་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་སྲུང་སྐྱོང་བྱེད་པ་དང་།སྙིགས་དོར་བཅུད་ལེན་དང་རྙིང་འབུད་གསར་འདོན་བྱས་ནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་དགོས།སྐད་གཉིས་སློབ་གསོ་དང་།དད་ལྡན་མང་ཚོགས་ཀྱི་ལས་དོན།གྲངས་ཉུང་མི་རིགས་ཀྱི་ཚབ་བྱེད་མི་སྣ།ཤེས་ཡོན་ཅན་བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་དགོས།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན།མི་རིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་དེ་ཏང་ལ་ཐུག་པ་དང་མི་ལ་ཐུག་ཡོད།སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་ཤུགས་ཆེན་བྱས་ནས་ཕུལ་བྱུང་ཡིན་རིགས་འགོ་ཁྲིད་ཀྱི་ལས་གནས་གལ་ཆེན་ཐོག་འཇོག་དགོས།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཡང་ན་རྒྱ་རིགས་ལས་བྱེད་པ་གང་ཞིག་ཡིན་ཡང་ཚང་མས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་གཙོ་ཆེར་བཟུང་བ་དང་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བསམ་བློ་གཏོང་གཞིར་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ལས་དོན་ཡག་པོ་སྒྲུབ་དགོས།
        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་ལམ་ཡང་དག་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ།ཀུན་སེམས་གཅིག་སྒྲིལ།འབད་བརྩོན་ལྷོད་མེད་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་1496ལ་གཟེངས་བསྟོད་བྱས་པ་དང་།ཞིས་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་མ་ཟད།ཚོགས་འདུ་མ་འཚོག་གོང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱང་གནང་བ་རེད།ཚོགས་འདུའི་ཐོག་ཀོང་ཏུང་ཞིང་ཆེན་དང་།ཡུན་ནན་ཞིང་ཆེན།ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས།རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད། ༼མི་དམངས་ཉིན་རེའི་ཚགས་པར་ལས་དྲངས་༽
      

    ཕྱོགས་བསྡུས་གསར་འགྱུར།