འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོང་རི་ལྷ་མཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཡ་རྫི་རྫོང་བཙུགས་ནས་ལོ་འཁོར་དྲུག་
    ཅུ་ལོན་པར་རིག་རྩལ་འཁྲབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྟོང་རི་ལྷ་མཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཡ་རྫི་རྫོང་བཙུགས་ནས་ལོ་འཁོར་དྲུག་
ཅུ་ལོན་པར་རིག་རྩལ་འཁྲབ་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་༩ཚེས་༢༨ཉིན་ཡ་རྫི་རྫོང་བཙུགས་ནས་ལོ་འཁོར་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བསྐལ་བཟང་གི་དུས་དེར། སྟོང་རི་ལྷ་མཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཡ་རྫི་རྫོང་གི་ཤར་སྒོའི་ཐང་ཆེན་དུ་རྫོང་བཙུགས་ནས་ལོ་འཁོར་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་སྒྲིག་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
         འཁྲབ་སྟོན་སྟེང་དུ་སྟོང་རི་ལྷ་མཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་སྲོལ་རྒྱུན་གྱི་བྲོ་བས་ཡོངས་སུ་ཕྱུག་པའི་གླུ་གར་གྱ་ནོམ་པ་ཞིག་རྒྱ་ཆེའི་ལྟད་མོ་བའི་མིག་མདུན་དུ་བཤམས་པར་མ་ཟད། བླ་བྲང་དང་རེབ་གོང་སོགས་ཀྱི་མིང་གྲགས་ཆེ་བའི་གླུ་བ་གླུ་མ་གང་མང་གདན་འདྲེན་བྱས་ནས་སྤྲོ་ཚོགས་སྔར་བས་ཕུན་སུམ་ཚོགས་པར་བྱས་ཡོད།
         སྤྱིར་ཡ་རྫི་ས་ཁུལ་འདི་ནི་གནའ་ནས་ད་ལྟའི་བར་དུ་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོའི་འཁྲུངས་གནས་ཡིན་ཏེ། གནས་འདི་ནས་བསྟན་པའི་མེ་རོ་གསོ་མཁན་བླ་ཆེན་དགོངས་པ་རབ་གསལ་དང་མགོ་ནག་བོད་པའི་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྡོ་སྦིས་དགེ་བཤེས་རྗེ་བཙུན་ཤེས་རབ་རྒྱ་མཚོ། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་སོགས་འཁྲུངས་ཤིང་ཁོང་རྣམ་པས་འགྲོ་བ་སྤྱི་དང་ཁྱད་པར་གངས་ཅན་ཁ་བའི་ལྗོངས་ཀྱི་འགྲོ་དོན་རྒྱ་ཆེར་སྤེལ་ནས་སྙན་པའི་གྲགས་པ་སྲིད་པའི་ཁྱོན་ན་ལྡིར། ད་དུང་གནས་འདི་ནི་ཨ་མདོ་གླུ་གར་གྱི་ཕ་ས་ལྟ་བུ་ཞིག་ཡིན་པ་སྟེ་ཨ་མདོ་གླུ་གར་གྱི་རྣམ་པ་མང་ཆེ་བ་ཞིག་འདི་ན་ད་ལྟ་ཉམས་སུ་མྱོང་རྒྱུ་ཡོད་པ་དང་། ཁྱད་པར་དུ་མཚོ་སྔོན་བརྙན་འཕྲིན་ཁང་གིས་༢༠༠༩ལོར་བསྡུས་པའི་ལོ་གསར་རིག་རྩལ་དགོང་ཚོགས་སྟོང་རི་ལྷ་མཚོའི་གཟི་ཉམས་དང་། འོད་སྡེར་དང་དཔེ་ཆ་དགུ་ཡི་བདག་ཉིད་ཅན་གྱི་ཞོན་ཧྭ་ས་ཆའི་བོད་ཀྱི་ཡུལ་སྲོལ་རིག་གནས་ཞེས་པ་ལྟ་བུ་སོགས་ལ་བལྟས་པ་ཙམ་གྱིས་ཀྱང་གནས་འདིའི་ཁྱད་འཕགས་ཀྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ།
         སྟོང་རི་ལྷ་མཚོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་༢༠༠༨ལོར་ཚོགས་གཙོ་ཚེ་རིང་བཀྲ་ཤིས་ཀྱིས་འབད་པ་ལྷུར་ལེན་བྱས་མཐར་དངོས་སུ་བཙུགས་པ་དང་། ཚོགས་པ་འདི་ཉིད་བཙུགས་ཚུན་ནས་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྔོག་འདོན་དང་རྒྱུན་འཛིན་དར་སྤེལ་ཐད་ལ་རང་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ནུས་པ་འདོན་བཞིན་ཡོད་དེ། སྔ་གཞུག་ཏུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་གང་མང་ལ་བསྒྲུབས་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ན་གཞོན་གླུ་བ་གླུ་མ་གང་མང་ཞིག་བསྐྱེད་བསྲིང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཆེད་སྒྲིག་རིག་རྩལ་འཁྲབ་སྟོན་ཐེངས་ལྔ་ཙམ་ལ་བྱས་པར་མ་ཟད། གླུ་གར་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པའི་འོད་སྡེར་གསུམ་པར་བསྐྲུན་འགྲེམ་སྤེལ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་གང་མང་གིས་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་པ་དང་། ད་དུང་མུ་མཐུད་དུ་དམངས་ཁྲོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།