འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་བོད་སྐྱོར་གྱིས་ཡུལ་སྐོར་ལས་རིགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་
    སྐུལ་འདེད་བཏང་བ།

    —— ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་སྐོར་གྱི་རིམ་སྤེལ་དཔྱད་གླེང་བཅུ་གཉིས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ༡༩༩༤ལོའི་ཟླ་༧པར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་གཞི་ཁྱོན་ཆེན་པོས་སྤེལ་འགོ་བརྩམས། ལོ་༢༠ཡི་རིང་རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་དང་ཆབས་ཅིག་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་དང་། མ་དངུལ་གཏོང་ཤུགས། རྣམ་གྲངས་དོན་འཁྱོལ་བྱེད་ཤུགས། ཤེས་ལྡན་མི་སྣས་བོད་སྐྱོར་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
         ༢༠༡༣ལོར་བོད་རང་སྐྱོང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་༡༢༩༡ལ་སྣེ་ལེན་ཞུས་པ་དེ་༡༩༩༥ལོ(མི་ཐེངས་ཁྲི་༢༠.༦༦)ལས་ལྡབ་༦༡.༥འཕར་བ་དང་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་༡༦༥ཟིན་པ་དེ་༡༩༩༥ལོ(སྒོར་དུང་ཕྱུར་༢.༡༤)ལས་ལྡབ་༧༦.༡འཕར་ཡོད་པ་རེད།
         ལོ་༢༠ཡི་རིང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིམ་ཁག་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱི་སྣེ་འཁྲིད་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ལས་བྱེད་པར་བརྟེན་ནས་བོད་སྐྱོར་བྱ་རྒྱུ་དང་། རིག་སྟོབས་ལ་བརྟེན་ནས་བོད་སྐྱོར་བྱ་རྒྱུ། མ་དངུལ་དང་རྣམ་གྲངས་ལ་བརྟེན་ནས་བོད་སྐྱོར་བྱ་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བོད་སྐྱོར་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་ཡོད་པ་རེད།
         རགས་རྩིས་ལྟར་ན། རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཡུལ་སྐོར་ཐད་ཀྱི་བོད་སྐྱོར་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་དང་ཆེད་ཚན་སློབ་གླིང་དང་སློབ་ཆེན་དུ་བོད་སྐྱོར་ལས་དོན་སྤེལ་བར་སྔ་རྗེས་སུ་མངགས་གཏོང་བྱས་ཤིང་། ཁོང་ཚོས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྟངས་ལ་ཞིབ་འཇུག་དང་འབྲེལ་ཁྲིད་སྟོན་ཡང་བྱས་ཡོད་པ་རེད། དེའི་རིང་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཁོ་ནས་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ལ་ཁག་བཞི་རུ་དབྱེ་ནས་བོད་སྐྱོར་ལས་བྱེད་པ་༥བཀོད་སྒྲིག་བྱས་ཡོད། ༢༠༠༣ལོ་ནས་བཟུང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ནས་ཡུལ་སྐོར་སྣེ་ཤན་པ་ཁྱོན་༦༥༨ཁག་བཅུ་གཉིས་སུ་དབྱེ་ནས་བོད་དུ་ཡུལ་སྐོར་སྣེ་ཤན་གྱི་བོད་སྐྱོར་ལས་དོན་སྤེལ་བར་བཏང་བ་དང་། ལོ་༡༢བསྟུད་མར་ཐེན་ཅིང་དང་ཞ་མོན་གྱིས“བོད་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞིབ་བསྡུར་འཛིན་གྲྭ”དུས་ཐེངས་བཅུ་གཉིས་གཉེར་བའི་ནང་རང་ལྗོངས་ཀྱི་ཡུལ་སྐོར་སྲིད་འཛིན་དོ་དམ་མི་སྣ་༦༠༠ལྷག་ཙམ་ཞུགས་ཡོད་པ་རེད།
         ༢༠༠༤ལོ་ནས་བཟུང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ནང་སའི་སློབ་གླིང་དང་སློབ་ཆེན་དུ་བོད་ལྗོངས་འཛིན་གྲྭ(དངོས་གཞིའི་ཚན་ཁག)བཙུགས་ནས་རང་ལྗོངས་ལ་ཡུལ་སྐོར་ཆེད་ལས་ཤེས་ལྡན་པ་༦༠༠གསོ་སྐྱོང་བྱས་ཡོད། ༢༠༠༨ལོའི་ཚུན་དུ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་སྣེ་ཤན་པའི་ལོ་འཁོར་ཞིབ་དཔྱད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལོ་ལྟར་རང་ལྗོངས་ཀྱི་ཡུལ་སྐོར་སྣེ་ཤན་པ་གཞི་རྒྱ་ཆེན་པོས་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་རེས་སྐོར་སྦྱོང་བརྡར་ནང་ཞུགས་མཁན་ཡུལ་སྐོར་སྣེ་ཤན་པ་མི་ཐེངས་༡༦༨༠༠ལས་བརྒལ་ཡོད། དུས་མཚུངས་སུ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས“གཅིག་སྡུད་ཐོག་གསོ་སྦྱོང་བྱེད་པ་དང་། ས་ཚིགས་སུ་བསྐྱོད་ནས་འཛིན་གྲྭ་འཛུགས་པ། ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱེད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་རང་ལྗོངས་ཀྱི་རིམ་ཁག་ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་ལ་ཞིང་འབྲོག་པའི་གསོ་སྦྱོང་འཛིན་གྲྭ་གཉེར་རོགས་བྱས་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་༣༠༠༠༠ལ་ཡུལ་སྐོར་ཞབས་ཞུའི་ཆེད་ལས་ཤེས་བྱ་འཆད་ཁྲིད་བྱས་ཡོད་པ་རེད།
         ཕྱོགས་མཚུངས་སུ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་བོད་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར་༤༠ལྷག་ཙམ་བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དེའི་ནང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྔ་རྗེས་སུ་རང་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར་༢ཙམ་བཏང་ཡོད། ལྷག་པར་དུ་༢༠༠༩ལོའི་ཚུན་དུ་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ལོ་ལྔ་བསྟུད་མར་ལོ་ལྟར་རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་མ་དངུལ་ཁྲོད་ནས་གཟིགས་སྐྱོང་མ་དངུལ་བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ་ལོ་རེ་བཞིན་རྒྱབ་སྐྱོར་བྱེད་ཤུགས་ཀྱང་ཆེ་རུ་བཏང་ཡོད། མིག་སྔར་ཀོང་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་༢༥བཏང་བའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་དེས་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་ལག་ལེན་བསྟར་བའི་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་ཀྱི་ཟིན་ཐོ་གཏོད་རྒྱུ་རེད།
         “རིམ་པ་མཐོ་བ་དང་། རྩེར་སོན་པ། ཁྱད་ཆོས་ལྡན་པ”བཅས་འཕེལ་རྒྱས་གཏོང་རྒྱུའི་རྩ་དོན་གཞིར་བཟུང་ལོ་༢༠ཡི་རིང་འཕེལ་རྒྱས་མྱུར་པོ་བྱུང་བ་བརྒྱུད་མིག་སྔར“འཛམ་གླིང་ཡང་རྩེ། རྨད་བྱུང་བོད་ལྗོངས”ཞེས་པའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་བརྗོད་བྱ་གཙོ་བོའི་གཟུགས་བརྙན་གཏན་འཁེལ་བྱུང་བ་དང“རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས”ཞེས་པའི་ཡུལ་སྐོར་སྤུས་རྟགས་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་སོང་ཡོད། བོད་ཀྱིས“ཕོ་བྲང་པོ་ཏ་ལ”དང་། “ཇོ་མོ་གླང་མ” “ཡར་ཀླུང་གཙང་པོའི་རོང་ཆེན” “གནས་ཡུལ་ལུང་ཤུར” “ཀླུ་ནང་ནགས་ཚལ”ལ་སོགས་པས་ཚབ་མཚོན་དུ་བྱས་པའི་རྩེར་སོན་ཡུལ་སྐོར་ཡུལ་ལྗོངས་ཁུལ་མང་དག་ཅིག་བཏོད་ཡོད། ༢༠༡༣ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་པ་ཀ་པའི་མཛེས་ལྗོངས་ཁུལ་༧༦ཡོད་པ་དེས་ཡུལ་སྐོར་བར་ཡུལ་སྐོར་བྱ་ཡུལ་༣༠༠ལྷག་ཙམ་མཁོ་འདོན་བྱས་ཤིང་། ད་ཆ་ལྷ་ས་ཡིས་གཙོ་བོ་བྱས་པའི་ལྗོངས་ཡོངས་སུ་ཁྱབ་པའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
         མིག་སྔར་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བརྟན་པ་དང་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། བསྡོམས་རྩིས་ལྟར་ན། ཟླ་༨ཚེས་༡༩ནས་ཚེས་༢༥ཉིན་གྱི་གཟའ་འཁོར་གཅིག་ཁོ་ནའི་རིང་རང་ལྗོངས་སུ་ཡོང་མཁན་གནམ་གྲུ་ལན་གྲངས་༣༩༨ཟིན་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཐེངས་༣༣༤༥༡ཟིན་པ་དང་། མེ་འཁོར་གཏོང་གྲངས་༥༡ཟིན་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཐེངས་༣༢༠༨༥ཟིན་པ། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་༦༥༥༣༦སྐྱེལ་འདྲེན་བྱས་པའི་ནང་༨༠%ཡན་ནི་བོད་དུ་ཡོང་མཁན་ཡུལ་སྐོར་བ་རེད།
         ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“བོད་འདི་ཉིད་འཛམ་གླིང་ཐོག་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཁྱད་ལྡན་ཡུལ་སྐོར་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་བཏོན་པ་དང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་༢༠འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་གོ་སྐབས་གསར་པ་ཞིག་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།