འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རིག་རྩལ་ལས་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་
    སྐྱེད་སྲིང་དང་ལག་ལེན་བསྟར་བའི་བཞུགས་མོལ་ཚོགས་འདུའི་ཟུར་བྲིས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༡ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་ལྗོངས་ཕྱི་ནས་ཡོང་བའི་སྒྱུ་རྩལ་མཁས་པ་དང་ལྗོངས་ནང་ཁུལ་གྱི་རིག་རྩལ་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་མཉམ་དུ་འཛོམས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་སྐོར་ལ་རང་བསམ་ལྷུག་གླེང་ངང་གྲོས་བསྡུར་འཁྲུག་པོ་ཞིག་བྱས་ཤིང་།ཚང་མས་རང་ཉིད་དང་ཉེ་འགྲམ་འཚོ་བ་དང་དེ་བཞིན་རྒྱུན་གཏན་གྱི་ལས་ཀ་ནས་འགོ་བརྩམས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་རང་རྟོགས་ངང་ལག་ལེན་བསྟར་བའི་བསམ་ཚུལ་བརྗོད་པ་རེད།
        ཉེ་ཆར་འཁྲབ་སྟོན་ལས་རིགས་ནང་སྨད་འཚོང་འཆལ་རྒྱུག་དང་དུག་འཐེན་མཁན་གཅིག་མཇུག་གཉིས་མཐུད་ངང་ཐོན་པར་དམིགས་ནས་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅང་ཁུན་གྱིས་རང་ཉིད་ཀྱི་ལངས་ཕྱོགས་བརྟན་པོ་ཁ་གསལ་བསྟན་ཞིང་།ཁོང་གིས་སྒྱུ་རྩལ་ལས་རིགས་ཁྲོད་རྣམ་འགྱུར་གསལ་པོ་ཞིག་ཡོད་དགོས་པ་ནི་ངེས་པར་དུ་ཡིན་མིན་གསལ་འབྱེད་དང་མཛེས་བཙོག་དབྱེ་འབྱེད་ཐུབ་དགོས།ང་ཚོ་ཚང་མས་དར་ཆ་གསལ་སྟོན་གྱིས་སྐྱུག་བྲོ་བའི་རིགས་ལ་སུན་འབྱིན་དང་འཆལ་འགྱེད་དུག་གསུམ་ལ་སེམས་གཏིང་ནས་ཞེན་པ་མེད་པ་དགོས།འཁྲབ་སྟོན་པས་རང་ཉིད་གཅུན་དགོས་ལ་འཁྲབ་སྟོན་པ་གྲགས་ཅན་གྱིས་དེ་བས་ཀྱང་རང་གིས་རང་གཅུན་དགོས།མིང་གྲགས་ལྡན་པའི་མི་སྣས་སྤྱི་དམངས་ཀྱི་མདུན་དུ་གཟུགས་བརྙན་བཟང་པོ་འཛུགས་རྒྱུར་མཐོང་ཆེན་བྱས་ནས་རིག་རྩལ་ལས་རིགས་ཁྲོད“རྒྱལ་གཅེས་དང་།དམངས་ལ་ཞབས་ཞུ།ཀུན་སྤྱོད་ལ་བརྩི་མཐོང་།སྒྱུ་རྩལ་གོང་དུ་བཀུར་བའི”སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཚད་གཞིས་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་མིང་དོན་མཚུངས་པའི་སྒྱུ་རྩལ་ལས་དོན་པ་ཞིག་བྱེད་དགོས་ཞེས་བཤད།
        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་ཚང་མའི་གཏམ་བཤད་གསན་རྗེས།ཁོང་གིས་སྒྱུ་རྩལ་ལས་རིགས་ཀྱིས་རང་རྟོགས་བསམ་བློ་ཚད་མཐོ་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་དྲང་ནུས་ཐོག་མཐའ་བར་གསུམ་དུ་ཁྱབ་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་འབད་པ་རྒྱུན་ཆད་མེད་པ་དང་ལེགས་སྐྱེས་དམིགས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
        སྒྱུ་རྩལ་ལས་ཀར་ཞུགས་ནས་ལོ་༧༠ལ་ཉེ་བའི་རང་ལྗོངས་ཀྱི་གཞས་མ་གཏམ་ལས་རིགས་ཀྱི་གྲགས་ཅན་མི་སྣ་ཐུབ་བསྟན་གྱིས་འཆད་གྱེར་གྱི་སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བས་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པ་བྱས་ཏེ་མི་རྣམས་ལ་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་ཤེས་རྟོགས་ཡོང་བ་བྱེད་དགོས།གཞས་མ་གཏམ་ལས་རིགས་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉིད་སྒྱུ་རྩལ་གསར་རྩོམ་དང་རིག་རྩལ་བྱེད་སྒོའི་ནང་སྔར་བས་རང་རྟོགས་ངང་ཁྱབ་པ་བྱས་ཏེ།གསོན་ཉམས་དོད་པའི་བྱུང་བ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་མང་ཚོགས་ལ་སློབ་གསོ་རིམ་བཞིན་ཐེབས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་མང་ཚོགས་ཀྱི་ནང་སེམས་དང་ཕྱིའི་སྤྱོད་པར་ཁྱབ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས།
        རང་ལྗོངས་ཀྱི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྨོན་ལམ་རྡོ་རྗེས་ན་གཞོན་ཚོས་སྒྱུ་རྩལ་པ་རྒན་རབས་ཚོར་སློབ་སྦྱོང་བྱས་ནས་ཁོང་ཚོའི་ཕུལ་དུ་བྱུང་བའི་འཁྲབ་རྩལ་ཁོང་དུ་ཆུད་པར་བྱེད་པ་དང་ཆབས་ཅིག་སྐད་གྲགས་མེད་པར་སྤྱི་ཚོགས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས།རིག་རྩལ་གྱི་རིན་ཐང་ནི་དངུལ་ནས་མཚོན་པ་མིན་ལ་སྙན་འཇེབས་ཀྱི་རོལ་དབྱངས་དང་ཉན་པར་སྤྲོ་བའི་དགོད་བྲོའི་གཏམ་གླེང་དག་ཀྱང་དངུལ་གྱིས་ཉོ་ཐུབ་པ་ཞིག་མིན།དེ་ལྟར་སྒྱུ་རྩལ་གྱི་བརྩམས་ཆོས་ལེགས་པ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་མཚོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་ནི་མི་སྣའི་གཟུགས་བརྙན་གཏོད་རྒྱུ་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་བརྩམས་ཆོས་ཡག་པོ་གསར་རྩོམ་བྱ་རྒྱུ་དེ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།