འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྒྲིལ་གླེང་།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་འགྲིམ་འགྲུལ་ས་བཀྲ་ཁ་ཕྱེ་ནས་མཚོ་བོད་ས་མཐོར་ལྟ་སྐབས་ལྷ་སའི་ཤར་ངོས་དང་བྱང་ངོས་ཀྱི་ལམ་གཙོ་བོ་གཉིས་ལ་མི་རྣམས་ཀྱིས་དེ་བས་དོ་སྣང་བྱ་དགོས་པ་ཞིག་ཡོད་པ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཡིན་ཞིང་།དེ་གཉིས་འཕར་རྩ་གཉིས་ལྟར་བོད་དང་ནང་ས་དམ་པོར་འབྲེལ་ཡོད།
        ལོ་60ལྷག་ཙམ་གྱི་གོང་དུ་ལམ་བཟོའི་དཔུང་ཆེན་གྱི་མི་གྲངས་ཁྲི་11གིས་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4000ཡན་དུ་སྔོན་གཤེགས་དཔའ་བོ་3000ལྷག་ཙམ་གྱིས་ས་མཐོར་རང་སྲོག་འབུལ་བའི་རིན་དོད་ཐོག་ནས་1954ལོའི་ཟླ་12ཚེས་25ཉིན་རིང་ཚད་སྤྱི་ལེ་4360ཡི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་བསྐྲུན་པ་རེད།
        ལོ་60ཡི་ནང“ལམ་གཉིས”ཀྱིས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་།ཤེས་དཔལ་ཡར་ཐོན་གྱི་ལམ་བུ།ཐུན་མོང་འབྱོར་ཕྱུག་གི་ལམ་བུ་བཅས་སུ་གྱུར་ཡོད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས“ལམ་གཉིས”ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཕྱུག་འགྱུར་གྱི“གསེར་ཟམ”བཙུགས་པ།
        “ཡུན་རིང་ནང་རྒྱལ་ཁབ་ཀྱིས་བོད་ལ་མཁོ་བའི་དངོས་རྫས་མཁོ་འདོན་བྱས་པ་དེ་དག་ནང་གི་95%ཡན་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་པོ་ནས་དབོར་བ་ཞིག་རེད”ཅེས་པེ་ཅིང་བཟོ་ལས་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཙུང་ཀང་གིས་བཤད་པ་རེད།
        ལྕགས་ལམ་དང་མཁའ་འགྲུལ་ཡོད་ཀྱང“ལམ་གཉིས”ཀྱིས་གཙོ་ཁྲིད་ཀྱི་གནས་བབ་སྔར་བཞིན་བཟུང་ནས་འགྲུལ་སྐྱེལ་སྤྱི་འབོར་གྱི་92%ཡན་བཟུང་བ་དང་ཟོག་འདྲེན་བྱེད་ཚད་90%ལས་བརྒལ་ཡོད་པ་རེད།
        འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་དུས་གཅིག་ཏུ་སྐྲུན་ཐུབ་པ་བྱེད་པའི་རྨང་གཞི་གལ་ཆེན་ཡིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་ཐད་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ཡོད།ལྷག་པར་དུ་ཉེ་བའི་ལོ་20ཡི་ནང་རྒྱལ་ཁབ་ཀྱིས་ཤེས་ལྡན་པ་དང་།ལག་རྩལ།རྣམ་གྲངས་དང་མ་དངུལ་སོགས་ཀྱི་ཐད་བོད་ལ་གཙོ་གནད་དུ་གཟིགས་སྐྱོང་གནང་ཡོད།1994ལོ་ནས་2013ལོ་བར་འགྲིམ་འགྲུལ་བོད་སྐྱོར་ཁྲོད་རིམ་རྩིས་བྱས་ན་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་767.97བཏང་ཡོད་ཅེས་གསུངས་པ་རེད།
        “དེ་སྔ་ཤང་ནས་རྫོང་གྲོང་བར་ས་རྡོའི་ལམ་གཅིག་ལས་མེད་པ་དང་ད་ཆ་གཞུང་ལམ་ཁྱིམ་གྱི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ནས་མི་སེར་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་པ་དང་།དེར་བརྟེན་ནས་མི་མང་པོ་འབྱོར་འབྲིང་གི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།གཞུང་ལམ་གཉིས་ཀྱིས་བོད་ཀྱི་མང་ཚོགས་ལ་ཕྱུག་འགྱུར་གྱི‘གསེར་ཟམ’ཞིག་བསྐྲུན་ཡོད”ཅེས་བོད་ལྗོངས་ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་གོང་གྲོང་གྲོང་ཚོའི་བོད་རིགས་གཞོན་ནུ་ཉི་མས་བཤད།
        བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་དངོས་རྫས་ཁག་དང་ཁག་བྱས་ནས་གཞུང་ལམ་བརྒྱུད་བོད་དུ་དབོར་བ་དེས་བོད་ཀྱི་དངོས་རྫས་དཀོན་པའི་སྣང་ཚུལ་ལ་འགྱུར་ལྡོག་ཆེན་པོ་ཐེབས་པ་དང་།བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ།མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།སྤྱོད་བཟང་འདུན་ཆེའི་མི་སྣ་འབོར་ཆེན་གྱིས་སྔོན་ཐོན་གྱི་བསམ་བློའི་འདུ་ཤེས་དང་ཚན་རིག་ལག་རྩལ་འཁྱེར་འོངས་ནས་བོད་དང་མེས་རྒྱལ་ནང་སའི་དབར་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས་པ་རེད།
        “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ།
        “‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ངས་དམ་བཅའ་འཇོག་རྒྱུ་ཡིན”ཞེས་ཟླ་8ཚེས་9ཉིན་གྱི་སྔ་དྲོ་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་གིས་ལྷ་ས་སྐྱིད་ཆུའི་འགྲམ་གྱི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་མདུན་དུ་ལམ་བཟོའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་བཤད།
        རི་མཐོན་པོ་མགོ་བོ་སྒུར་དུ་འཇུགཆུ་ཆེན་པོ་ལམ་གྱི་ཟུར་དུ་འབུད།ལོ་60ཡི་གོང་དུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་སྐྲུན་པའི་བརྒྱུད་རིམ་ནང་འཛུགས་སྐྲུན་པ་ཚོས་ལག་གཉིས་ལ་བརྟེན་པ་དང་ལག་ཆ་ཐབས་ཆག་ལ་བརྟེན་ནས་ལ་དང་ཐུག་ན་འགྲོ་ལམ་བཟོ།ཆུ་དང་ཐུག་ན་ཟམ་པ་བཙུགས་ཏེ་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ།སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ།བློ་འགྱོད་མེད་པར་ལམ་རྡོ་ཞིག་བྱེད་པ།དམག་དམངས་ཁྱིམ་ཚང་གཅིག་ལྟར་བྱེད་པ།མི་རིགས་མཐུན་སྒྲིལ་ཆེ་བ་བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་བཏོད་ཡོད།
        འགྲིམ་འགྲུལ་པ་མི་རབས་ནས་མི་རབས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་བློ་འགྱོད་མེད་པར་ལམ་རྡོ་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།
        “ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པ་དང་མི་སེམས་འགུལ་བའི‘ལམ་གཉིས’ཀྱི་འཛུགས་སྐྲུན་ལོ་རྒྱུས་བསྐྱར་དྲན་བྱེད་པ་ནི་སེམས་ཁམས་ཀྱི་ར་རི་འཁྲུད་པ་ཞིག་དང་འགན་འཁྲི་ཆེ་རུ་གཏོང་བ་ཞིག་རེད”ཅེས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་ཉིང་ལག་རུ་དཔོན་སུང་ཞའོ་ཏུང་གིས་བཤད།
         ལོ་60ཡི་ནང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་97བཏང་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལ་གཞི་ཁྱོན་ཆེ་བའི་སྒྱུར་བཀོད་དང་ལེགས་སྒྲིག་བྱས་པ་དང་།གཞུང་ལམ་འཛུགས་སྐྲུན་པ་དང་ཚན་རིག་ཞིབ་འཇུག་ལས་དོན་པས་ལོ་མང་གི་འཁྱག་སའི་ཁུལ་གྱི་གཞུང་ལམ་དང་ཟམ་པ་འཛུགས་སྐྲུན་དང་བདག་སྐྱོང་སོགས་ལག་རྩལ་གྱི་དཀའ་གནད་མང་དག་ཅིག་བསལ་ཡོད་པ་རེད།
        ལྷག་པར་དུ་ཉེ་བའི་ལོ་20ཡི་ནང་བོད་ཀྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་བདག་སྐྱོང་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཏེ་རང་བྱུང་གནོད་འཚེ་ཚབས་ཆེན་ཕོག་མེད་པའི་གནས་ཚུལ་འོག་ལོ་ཧྲིལ་པོར་རླངས་འཁོར་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ་དང་གཞུང་ལམ་ཐོག་རླངས་འཁོར་གཏོང་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
        མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
        “ད་ཆ་བོད་ཀྱི་གཞུང་ལམ་གང་དུ་ཤར་གཏོང་ཐུབ་པར་ང་ཚོའི་ཤེལ་སྒོའང་དེ་གར་བྲིན་གྱི་ཡོད།དེ་སྔ་ཀླུ་ནང་དུ་ཚོང་ལམ་གཏོད་མེད།ད་ཆ་གཞུང་ལམ་ཤར་གཏོང་ཐུབ་པས་ང་ཚོའི་ཁྲོམ་རའང་གཏོད་ཡོད”ཅེས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐའེ་ཧུང་དམིགས་བསལ་ཤེལ་སྒོ་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་སུའུ་ཤིན་ཝུན་གྱིས་བཤད།
        འགྲིམ་འགྲུལ་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་རྩིས་སྤྲོད་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།ན་ནིང་བོད་ཀྱི་GDPསྒོར་དུང་ཕྱུར་807ཟིན་ནས་ལོ་4བསྟུད་མར་སྒོར་དུང་ཕྱུར་བརྒྱ་འཕར་ཐུབ་པ་བྱུང་ཡོད།ཞིང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་འཕར་ཚད་དེ་10%ཡན་ཟིན་ཡོད།
        འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཟླ་བ་7པར་པར་འགྲེམས་བྱས་པའི《བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གཞིགས་ན།2020ལོར་སླེབས་སྐབས་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11ཟིན་ནས་རྒྱལ་ལམ་རིམ་པ་གསུམ་དང་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་གྲངས་65%ཟིན་རྒྱུ་དང་།རྫོང་ཡོངས་ལ་སྣུམ་ནག་ལམ་དང་ཨར་འདམ་ལམ་ཤར་གཏོང་ཐུབ་རྒྱུ།གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ།ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོར་ཨར་འདམ་ལམ་བསྐྲུན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།