འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་3ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཟླ་དགུ་པ་ནས་བཟུང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མའི་འགན་ལེན་གསུམ་གྱི་
    ཚད་གཞི་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཟླ་དགུ་པ་ནས་བཟུང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མའི་འགན་ལེན་གསུམ་གྱི་
ཚད་གཞི་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མའི་འགན་ལེན་གསུམ་གྱི་ཚད་གཞི་ཡང་བསྐྱར་མཐོ་རུ་བཏང་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱིས་ལོ་༣༠རིང་འགན་ལེན་གསུམ་གྱི་ཚད་གཞི་མཐོ་རུ་གཏོང་ཐེངས་༡༤པ་རེད། ཚད་གཞི་གསར་པ་དེ་འདི་ལོའི་ཟླ་དགུ་པ་ནས་ལག་ལེན་དུ་བསྟར་འགོ་འཛུགས་རྒྱུ་ཡིན་པས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་མ་ཁྲི་༥༢ལ་ཕན་འདོགས་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མ་ཧྲེང་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ༢༠༡༤ལོའི་སྟོན་དུས་ནས་བཟུང་བོད་ལྗོངས་ཀྱི་འགན་ལེན་གསུམ་གྱི་འགྲོ་གྲོན་ཚད་གཞི་དེ་རིགས་གཉིས་པའི་ཁུལ་གྱི་སློབ་མ་རེར་སློབ་ལོ་རེར་སྒོར་༢༨༠༠ཟིན་པ་དང་། རིགས་གསུམ་པའི་ཁུལ་གྱི་སློབ་མ་རེར་སློབ་ལོ་རེར་སྒོར་༢༩༠༠ཟིན་པ། རིགས་བཞི་པ་ཁུལ་དང་མཐའ་མཚམས་རྫོང་གི་སློབ་མ་རེར་སློབ་ལོ་རེར་སྒོར་༣༠༠༠ཟིན་པ་བཅས་རེད། དེའི་ཁྲོད་ཀྱི་མ་དངུལ་༩༠%ཚང་མ་སློབ་མའི་བཟའ་བཏུང་ཐད་སྤྱོད་རྒྱུ་ཡིན་པ་རེད།
          ༡༩༨༥ལོ་ནས་བཟུང་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་འགན་ལེན་གསུམ་༼བཟའ་སྡོད་སྦྱོང་གསུམ་གྱི་འགན་ལེན་༽དང་སློབ་སྐྱོར་རོགས་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་པ་དང་། མིག་སྔར་འོས་འགན་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལོ་༡༥བར་རིང་དུ་བཏང་ནས་སློབ་ཞུགས་གོང་གི་ལོ་གསུམ་གྱི་བུ་བཅོལ་ཁང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དང་དེ་བཞིན་འབྲིང་རིམ་ལས་རིགས་སློབ་གྲྭའི་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མར་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།