འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སའི་ལས་རིགས་ཁག་གིས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་
    མེ་ཏོག་སི་ར་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་05ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།རྒྱལ་སའི་ལས་རིགས་ཁག་གིས་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་
མེ་ཏོག་སི་ར་ཕུལ་བ།
         རླབས་ཆེན་རྒྱལ་ཁར་བསྟོད་གླུ་འབུལ།བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད། ཟླ་9ཚེས་3ཉིན་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་69འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་།སྔ་དྲོ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ཕེབས་ཏེ་རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་རེད།
        པེ་ཅིང་ནུབ་འདབས་ཀྱི་ལུའུ་ཀའུ་ཟམ་འགྲམ་དུ་ཡོད་པའི་ཝན་ཕིང་གྲོང་དུ་ལྒང་བཞུ་སྒར་བ་དང་དར་ཚོན་གྱིས་བརྒྱན། གྲོང་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་རྐེད་རྔ་བརྡུངས་པ་དང་སེང་རྩེད་འཁྲབ་ནས་ལོ་ངོ་69གོང་གི་རླབས་ཆེན་རྒྱལ་ཁར་དྲན་གསོ་དང་རྟེན་འབྲེལ་ཞུས་ཤིང་། ཝན་ཕིང་གྲོང་ནང་དུ་ཡོད་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་མདུན་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ད་ལོའི་ཟླ་7ཚེས་7ཉིན་ཡོལ་བ་འབྱེད་གནང་བའི“རང་བཙན་རང་བདག་བྱས་རྗེས་གཟེངས་རྟགས”ཞེས་པའི་འཇིམ་རྐོས་དེ་ཉི་འོད་འོག་འོད་སྟོང་རབ་ཏུ་འཕྲོ།དྲན་གསོ་ཁང་གི་མདུན་སྒོའི་སྟེང་དུ“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་69འཁོར་བར་དྲན་གསོ་ཞུ”ཞེས་པའི་འཕྲེད་ཡིག་བཀལ་བ་དང་རྒྱལ་སྒོའི་གཡས་གཡོན་དུ་བརྗིད་རྔམ་ལྡན་པའི་དམག་གསུམ་གཟབ་སྦྲེང་རུ་ཁག་གིས་མེ་མདའ་འཁྱེར་ནས་ཀྲོང་ངེར་ལངས།
        ཆུ་ཚོད་9དང་སྐར་མ་56གི་ཐོག་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་དེ་གར་ཕེབས་སྐབས་ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞིས་ཅིན་ཕིང་སོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་མདུན་གྱི་སྟེགས་བུའི་ཐོག་གུས་སྟབས་ཀྱིས་བཞེངས་པ་དང་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་ཡོད་པའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་དང་། རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་གཉེན་ཉེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་འབུལ་མྱོང་ཡོད་པའི་རྒྱལ་སྤྱིའི་གྲོགས་པོ་འདས་པོའི་ཁྱིམ་མིའི་འཐུས་མི།བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་གྲལ་འགྲིག་པོའི་ངང་བང་བསྒྲིགས་ནས་དྲན་གསོ་ཁང་དུ་ཁ་ཕྱོགས་ཏེ་གུས་སྟབས་ཀྱིས་ལངས།
        ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།རྒྱལ་ཡོངས་སྲིད་གྲོས།ཀྲུང་དབྱང་དམག་ཨུད་བཅས་དང་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་དང་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་སོ་སོས་ཕུལ་བའི་མེ་ཏོག་སི་ར་བདུན་གྲལ་འགྲིག་ནས་དྲན་གསོ་ཁང་མདུན་གྱི་སྟེགས་བུའི་ཐོག་བཞག་ཡོད་པ་རེད།མེ་ཏོག་སི་རའི་དར་གོས་དམར་པོའི་སྟེང“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག”ཅེས་བྲིས་ཡོད་པ་རེད།
        ཆུ་ཚོད་10པ་ཏག་ཏག་ལ་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་ལི་ཁེ་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
        ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆའི་རུ་ཁག་གིས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ།ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དེ་གར་ཡོད་པའི་ལས་རིགས་ཁག་གི་འཐུས་མི་1500ལྷག་ཙམ་དང་ལྷན་དུ་སྐད་གསངས་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་གནང་བ་རེད།“ལོངས་ཤོགབྲན་གཡོག་བྱེད་མི་འདོད་པའི་མི་རྣམས།ང་ཚོའི་ཤ་དང་ཁྲག་གིས།ང་ཚོའི་ལྕགས་རི་རིང་པོ་གསར་དུ་བསྐྲུན”ཞེས་པའི་རི་འགོག་དམག་འཁྲུག་ཁྲོད་བརྩམས་པ་དང་བརྒྱུད་གཏོང་བྱས་པའི་དཔའ་ངར་ཆེར་བསྐྱེད་ཀྱི་དབྱངས་རྟ་དེ་དྲན་གསོ་ཁང་གི་ཐང་ཆེན་གྱི་བར་སྣང་དུ་གྲགས།
        རྒྱལ་གླུ་བཏང་རྗེས་རྟེན་འབྲེལ་མེ་སྒྱོགས་14བརྒྱབ་པ་དེ་ཐོག་ནས་1931ལོའི་དགུ་གཅིག་བརྒྱད་དུས་འགྱུར་གྱི་བྱང་ཤར་རི་འགོག་དམག་འཁྲུག་ལས་འགུལ་འགོ་ཚུགས་པ་ནས་བཟུང་1945ལོར་རི་པིན་བཙན་འཛུལ་དམག་མགོ་བཏགས་ཞུས་པའི་བར་ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་རིང་དཀའ་སྤྱད་འབད་འཐབ་ཀྱིས་འཐབ་རྩོད་བྱས་མཐར།ཉེ་རབས་ནས་བཟུང་ཕྱིའི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་མི་རིགས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོག་མ་རྦད་དེ་ཐོབ་པ་མཚོན་ཡོད་པ་རེད།
        རྟེན་འབྲེལ་མེ་སྒྱོགས་གྲགས་པ་ལས་ལོ་69ཡི་གོང་གི་རླབས་ཆེན་རྒྱལ་ཁར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པའི་ཤོག་སྦག་གི་སྒྲ་དང་དགའ་འབོད་ཀྱི་སྒྲ་སླར་ཡང་རྣ་ལམ་དུ་འཆར་བ་ལྟ་བུར་གྱུར།
        ཚོགས་ར་ཡོངས་ཀྱི་མི་རྣམས་གུས་སྟབས་ཀྱིས་ལངས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་དཔའ་ངར་ཞུམ་མེད་ངང་རང་སྲོག་བློས་བཏང་གནང་བའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས།
        ངག་བསྡམས་ནས་མྱ་ངན་ཞུས་རྗེས་དམག་དཔུང་རོལ་ཆའི་རུ་ཁག་གིས་བརྩེ་སེམས་མཚོན་པའི《མེ་ཏོག་སི་ར་འབུལ་བའི་རོལ་དབྱངས》དཀྲོལ་བ་དང་།གུས་དམག་14ཡིས་མེ་ཏོག་སི་ར་བདུན་བཀྱགས་ཏེ་དལ་པོའི་ངང་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་བར་ཁྱམས་སུ་བསྐྱོད་དེ་མེ་ཏོག་སི་ར་དེ་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་དམག་འཐབ་བྱེད་པའི་མཚོན་རྟགས་ཡིན་པའི་《ཟངས་གྱང་ལྕགས་རྩིག》ཅེས་པའི་འབུར་བརྐོས་ཆེ་གྲས་ཀྱི་མདུན་དུ་བཞག་པ་རེད།
        ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་དལ་པོའི་ངང་སྐས་འཛེག་འཛེགས་གནང་སྟེ་དྲན་གསོ་ཁང་གི་བར་ཁྱམས་སུ་ཕེབས་ནས་མེ་ཏོག་སི་རའི་མདུན་དུ་བཞེངས་ཏེ་འབུར་བརྐོས་ཆེ་གྲས་ལ་གཟིགས།
        བརྗིད་ཆེའི་གླུ་དབྱངས་ནམ་ཡང་བརྗེད་མི་སྲིད།དཔའ་བོའི་དཔའ་ཉམས་ཇི་སྲིད་བར་དུ་གནས།
        ཞིས་ཅིན་ཕིང་གིས་གཟབ་ནན་གུས་བཀུར་ངང་མདུན་དུ་ཕེབས་ཏེ་མེ་ཏོག་སི་རའི་ཐོག་གི་དར་གོས་ལེགས་སྒྲིག་གནང་བ་རེད།
        དེ་རྗེས་ཞིས་ཅིན་ཕིང་སོགས་ཚོམས་ཆེན་ནས་དོན་གནང་སྟེ་དྲན་གསོ་ཁང་མདུན་གྱི་སྟེགས་བུའི་ཐོག་ཕེབས་ཤིང་།སྐས་འཛེག་སྟེང་ལག་ཏུ་མེ་ཏོག་སོས་པ་འཁྱེར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་56སྙིང་སྟོབས་ཆེན་པོས་ལངས་ཡོད།སྐབས་དེར་ཞི་བདེའི་ཕུག་རོན་3500འདབ་གཤོག་བརྐྱངས་ནས་ནམ་མཁའི་དབྱིངས་སུ་འཕུར་བ་དང་ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་ལྒང་བུའང་ནམ་མཁར་གློད།ས་གནས་ས་ཐོག་ཏུ་ཡོད་པའི་མི་རྣམས་ཀྱིས་བལྟ་བཞིན་དུ་ཐལ་མོ་བརྡབས།
        དྲན་གསོའི་མཛད་སྒོ་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལས་རིགས་ཁག་གི་འཐུས་མི་རྣམས་འགྲེམས་ཁང་དུ་ཕེབས་ནས《རླབས་ཆེན་གྱི་ལེགས་སྐྱེས—ཀྲུང་གོ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག》ཅེས་པའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་།འགྲེམས་སྟོན་དེ་རིག་དངོས་ཆ་ཚང་150ལྷག་ཙམ་དང་པར་རིས་དང་བརྙན་མཐོང་དཔྱད་ཡིག་200ལྷག་ཙམ་བརྒྱུད་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ལེན་ཕྱིར་ནུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་བ་ཁྱོན་ཡོངས་ནས་མཚོན་ཡོད་པ་རེད།
        ཞིས་ཅིན་ཕིང་གིས་ཞིབ་ཕྲའི་ངང་གཟིགས་པ་དང་འགྲེལ་བཤད་གཟབ་ནན་ངང་གསན་ཞིང་།ཀྲུང་གོས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འགོ་ཐོག་མར་བཙུགས་པ་དང་།ཀྲུང་གོའི་རི་འགོག་དམག་འཁྲུག་ལས་འཇར་མན་དང་།དབྱི་ཐ་ལི།རི་པིན་བཅས་ཀྱིས་འཛམ་གླིང་དུམ་བུར་བགོ་བའི་རེ་ངན་ཕམ་པར་གྱུར་པ།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་མནའ་མཐུན་དམག་དཔུང་གི་འཐབ་ཇུས་རྐང་འཛིན་གལ་ཆེན།རྒྱལ་སྤྱིའི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་དར་སྤེལ་དང་སྐུལ་འདེད་གཏོང་བ།འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོབ་བྱེད་པ་སོགས་འགྲེམས་ཁུལ་དུ་ཞིས་ཅིན་ཕིང་གིས་ཞིབ་པར་གཟིགས་པ་དང་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
        བྱེད་སྒོ་མ་སྤེལ་གོང་།ཞིས་ཅིན་ཕིང་སོགས་ཀྱིས་མཛད་སྒོའི་ནང་ཞུགས་མཁན་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས།རི་འགོག་དམག་འཁྲུག་སྔོན་གཤེགས་དཔའ་བོའི་གཉེན་ཉེ།རི་འགོག་དམག་འཁྲུག་གི་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་ཕུལ་བའི་རྒྱལ་སྤྱིའི་གྲོགས་པོའི་འདས་པོའི་ཁྱིམ་མིའི་འཐུས་མི་བཅས་ལ་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།