མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ཀོང་ཤིས་སུ“བཅའ་ཁྲིམས་
གཅིག་དང་གཏན་འབེབས་གཅིག”ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་18ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ལི་ཀྲན་ཧྲུའུ་ཡིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནན་པོ་བྱས་ནས་གསོ་ཚགས་ར་བའི་དུད་ཚང་ལ་ཁྲིམས་མཐུན་ལུགས་མཐུན་གྱི་གཉེར་སྐྱོང་དང་གོ་རིམ་ལྡན་ལ་ནུས་ལྡན་ངང་ཐོན་སྐྱེད་གཞན་སྒྱུར་བྱེད་རོགས་བྱེད་དགོས་ཞེས་ནན་བཤད་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ནས་15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྣེ་འཁྲིད་དེ་ཀོང་ཤིས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་ཕྱོགས་ཡོངས་ནས་གཏན་འགོག་དང་། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་གོམས་གཤིས་ངན་པ་དོར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་ཏན་ཏིག་བཅས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “བཅའ་ཁྲིམས་གཅིག་དང་གཏན་འབེབས་གཅིག”ལ་ནན་པོར་གཞིགས་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དང་རང་བྱུང་སྣོད་བཅུད་དོ་སྙོམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞིབ་བཤེར་ཚོགས་ཆུང་གསོ་ཚགས་ར་བའི་དུད་ཚང་དང་། ཁྲོམ་ར། འགག་སྒོ རང་བྱུང་སྲུང་སྐྱོང་ཁུལ་བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཤིང་། ཁྲུང་ཙུའོ་གྲོང་ཁྱེར་ཧྥུ་སུའེ་རྫོང་དང་པའེ་སེ་གྲོང་ཁྱེར་ཐེན་དབྱང་ཆུས་སུ་སྦྲུལ་གྱི་རིགས་དང་སྨྱུག་བྱི་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཀོང་ཤིས་ཀྱི་མེ་ཏོག་དང་། འདབ་ཆགས། གཅེས་ཉར་སྲོག་ཆགས་བཅས་ཀྱི་ཉོ་ཚོང་ཁྲོམ་རར་ཁྲོམ་རའི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཕིང་ཞང་འགག་སྒོར་བསྐྱོད་དེ་རི་སྐྱེས་སྲོག་ཆགས་ལྐོག་འདྲེན་བྱེད་པའི་གནས་ཚུལ་གྱི་ངོ་སྤྲོད་ཉན་པ་དང་ཞིབ་བཤེར་ཐག་གཅོད་བྱས་པ། སྤྲེའུ་མགོ་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་སྲུང་སྐྱོང་ལས་དོན་ལ་རྟོག་ཞིབ་བྱས་པ་མ་ཟད། ནན་ཉིང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཀྱི་གནས་ཚུལ་སྙན་ཞུ་ཡང་གསན་པ་རེད། ལི་ཀྲན་ཧྲུའུ་ཡིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང“བཅའ་ཁྲིམས་གཅིག་དང་གཏན་འབེབས་གཅིག”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་སྐྱོང་འགན་ལེན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཕྱོགས་ཀྱིས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་གོམས་གཤིས་ངན་པ་འདོར་བར་སྐུལ་འདེད་བཏང་ནས། རི་སྐྱེས་སྲོག་ཆགས“འཛིན་པ་དང་། སྐྱེལ་འདྲེན། འཚོང་བ། ཉོ་བ། ཟ་བ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཀྲན་ཧྲུའུ་ཡིས་བསྟན་དོན། “བཅའ་ཁྲིམས་གཅིག་དང་གཏན་འབེབས་གཅིག”དང་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་ནང་བཀག་སྡོམ་བྱས་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ངེས་པར་དུ་བཀག་འགོག་ནན་པོ་བྱེད་པ་དང་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། གཏན་འབེབས་ཡོངས་བསྒྲགས་མ་བྱས་གོང་། བཟའ་བྱ་དམིགས་ཡུལ་དུ་བྱས་པ་དང་དེར་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་ཐོབ་པའི་རི་སྐྱེས་སྲོག་ཆགས་འགའ་ཞིག་མི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་གསོ་ཚགས་བྱེད་པ་དང་། འགའ་ཤས་གཞི་ཁྱོན་ཆེ་ཙམ་ཡོད། འགའ་ཤས་ས་གནས་དེ་གའི་དབུལ་སྐྱོར་གྱི་གཙོ་གནད་རྣམ་གྲངས་ལ་གྱུར་ཡོད། ཡིན་ནའང་ད་ཆ་བཟའ་བྱ་དམིགས་ཡུལ་དུ་བྱས་ནས་གསོ་ཚགས་བྱ་མི་རུང་བ་དང་། གསོ་སྤེལ་བྱེད་རིགས་ལ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་ཞིང་དབྱེ་ཞིབ་ཞིབ་ཕྲ་དང་ལྟ་སྟངས་འཛིན་དགོས། གསོ་ཚགས་བྱ་མི་ཆོག་པའི་རིགས་ཁོངས་སུ་གཏོགས་པ་དེ་དག་མུ་མཐུད་གསོ་སྤེལ་བྱ་མི་ཆོག འགའ་ཤས་རྒྱལ་ཁབ་ཀྱིས་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱ་ཆོག་པའི་རིགས་གཞན་དག་ལ་བསྒྱུར་ནས་གསོ་སྤེལ་བྱེད་པ། ད་ཡོད་ཀྱི་གསོ་སྤེལ་རིགས་འགའ་ཤས་ཟས་བཅད་བྱས་རྗེས་རྒྱལ་ཁབ་ཀྱིས་ཆོག་འཐུས་བྱས་པའི་གསར་སྤེལ་བེད་སྤྱོད་གཞན་དག་ཏུ་བྱ་ཆོག མདོར་ན། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་འོས་འཚམ་བྱེད་དགོས་པ་ལས། “གཅིག་དཔེ་བརྒྱ་འགེབས”སོགས་གཏན་ནས་བྱ་མི་རུང་། དངོས་རིགས་དང་། རིམས་ནད་བརྟག་དཔྱད། མ་དངུལ། ལག་རྩལ། ཆ་འཕྲིན། སྒྲིག་བཀོད། ཉར་ཚགས། སྐྱེལ་འདྲེན། ལས་སྣོན་བེད་སྤྱོད། ལུགས་མཐུན་ཁ་གསབ་སོགས་ཀྱི་ལྷུ་ཚིགས་ཁག་དང་ཐབས་ལམ་ཁག་ནས་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ། གསོ་སྤེལ་ར་བའི་དུད་ཚང་དེ་དག་ཁྲིམས་མཐུན་ལུགས་མཐུན་གྱི་གཉེར་སྐྱོང་དང་གོ་རིམ་ལྡན་ལ་ནུས་ལྡན་ངང་ཐོན་སྐྱེད་གཞན་སྒྱུར་བྱེད་པ་དང་ལྷག་པར་དུ་གསོ་སྤེལ་དུད་ཚང་དབུལ་པོར་ཡོང་འབབ་ཉུང་དུ་མི་འགྲོ་བ་དང་དབུལ་པོ་བསྐྱར་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས།

  
style="display:none;"