འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་19ཉིན།

༄༅༎ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ལྷན”གྱི་ཁོངས་མིའི་སྐུ་ཚབ་ལ་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་18ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ལྷན”གྱི་ཁོངས་མིའི་སྐུ་ཚབ་ལ་འཕྲིན་ལན་སྤྲིངས་ཤིང་། འཕྲིན་ལན་ནང་ཁྱེད་ཚོས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་དང་སྒོ་དབྱེ་འཕེལ་རྒྱས་ལ་གདེང་ཚོད་བརྟན་གཏོང་དང་། ཀྲུང་གོར་མུ་མཐུད་གཞི་འཛུགས་རྒྱུའི་ཁས་ལེན་གནང་བ། དེ་བཞིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲོས་འགོ་ཡག་པོ་བཏོན་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་མིག་སྔར་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མེད་ལ་འགྱུར་བའང་གཏོང་མི་སྲིད། ང་ཚོས་མུ་མཐུད་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་མ་འཇོག་བྱེད་པ་དང་འཕེལ་རྒྱས་གཏོང་བར་ཚོང་གཉེར་ཁོར་ཡུག་སྔར་བས་འཐུས་སྒོ་ཚང་བ་ཞིག་མཁོ་འདོན་བྱ་རྒྱུ་དང་གོ་སྐབས་གསར་པ་དང་མདུན་ལམ་གསར་པ་གཏོད་རྒྱུ་ཡིན། ཁྱེད་ཚོས་ཀྲུང་གོར་གཞི་བརྟན་པོར་བཙུགས་ནས་འཕེལ་རྒྱས་ཡོང་ཐབས་བྱེད་པ་ནི་གདམ་ག་ཡང་དག་ཅིག་རེད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས་དེང་དུས་ཀྱི་འཛམ་གླིང་དུ་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་ཆེ་ཞིང་། མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་དང་མཉམ་ལས་གཉིས་ཁེ་ནི་དུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་གོ་ལ་ཅན་འདི་ཉིད་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཁྱེད་ཚོས་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་འཛིན་ཏེ། ཀྲུང་གོའི་ཁེ་ལས་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་སྐུལ་སྤེལ་སླར་གསོ་ཡོང་ཕྱིར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།
     “གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཨུ་ལྷན”དེ་གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་སྣེ་འདྲེན་རང་བཞིན་དང་འཐུས་ཚབ་རང་བཞིན་ལྡན་པའི་རྒྱལ་གྲོལ་ཀུང་སི་39ལས་གྲུབ་པ་ཞིག་རེད། ཉེ་ཆར་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་ལག་བསྟར་དཔོན་18ཀྱིས་མིང་མཉམ་འགོད་ཀྱི་རྣམ་པའི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཡོད། འཕྲིན་ཡིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོར་རིམས་ནད་མཆེད་ཚུལ་མགྱོགས་མྱུར་ཚོད་འཛིན་ཐུབ་པ་དང་འབྲེལ་དང་ཐོག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་ནས་གོ་ལ་ཧྲིལ་པོས་རིམས་ནད་སྔོན་འགོག་བྱེད་པར་རྒྱབ་སྐྱོར་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི“ཉེན་ཁའི་ཁྲོད་དུ་གོ་སྐབས་གསར་པ་འཚོལ། འཕོ་འགྱུར་ཁྲོད་དུ་རྣམ་པ་གསར་པ་གཏོད”ཅེས་པའི་ཆོད་གཏམ་གལ་ཆེན་དང“དཔལ་འབྱོར་གོ་ལ་ཅན་འདི་ཉིད་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུའི”སྲིད་ཇུས་དང་ཆོད་སེམས་ལས་ང་ཚོས་ཀྲུང་གོར་ཡིད་ཆེས་བྱ་རྒྱུ་དང་། ཀྲུང་གོར་མུ་མཐུད་གཞི་འཛུགས་རྒྱུ། ཀྲུང་གོར་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ཁས་ལེན་བྱས་པ་དག་སྒྲུབ་པའི་སེམས་ཤུགས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་འཁོད་པ་དང་འབྲེལ། ང་ཚོས་ད་དུང་རིམས་ནད་དུས་མཇུག་དུས་རབས་ཀྱི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་ཀྲུང་ཕྱིའི་དབར་མཉམ་ལས་བྱ་རྒྱུར་ཐབས་དང་ཇུས་འདོན་རྒྱུ་ཡིན་ཞེས་ཀྱང་འཁོད་ཡོད།