མི་དམངས་དྲ་བ།

༄༅༎ཧན་ཀྲེང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ནན་བཤད་གནང་དོན། དུས་བབ་ལ་
སྔོན་དཔག་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་ནུས་ཐོན་ལ་དམ་འཛིན་ནན་པོ་བྱས་ཏེ་ཕྱོགས་
ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཁོང་གིས། ད་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རང་རྒྱལ་གྱི་དཔལ་འབྱོར་རིམ་བཞིན་བརྟན་པོའི་ངང་འཕར་ནས་མི་མངོན་པའི་སྟོབས་ཤུགས་འདང་ངེས་ཡོད་པ་དང་ལྡེམ་ཤུགས་ཆེན་པོ་ལྡན་པའི་ཁྱད་ཆོས་མངོན་གསལ་དོད་པོ་གང་ལེགས་མངོན་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གོམ་སྟབས་རྗེས་མར་མུ་མཐུད་ནས་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་དུས་བབ་ལ་སྔོན་དཔག་དང་བརྡར་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་པའི་ཁར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་ནུས་ཐོན་ལ་དམ་འཛིན་ནན་པོ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཧན་ཀྲེང་གིས། དམིགས་ཚད་སྟོན་ཕྱོཌ་སུ་འཛིན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་སྟོན་ཕྱོགས་སུ་འཛིན་པ་བཅས་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། དམིགས་ཚད་ལས་འགན་ཞིབ་ཚགས་སུ་གཏོང་བ། གནད་སྨིན་ཇུས་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱོགས་ཁག་གི་ལས་དོན་སྤྱི་འདོམས་བྱས་ཏེ་ཡག་པོ་སྒྲུབ་དགོས་པ་དང་། གཞི་ཆེའི་སྲིད་ཇུས་ཀྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་ཐོན་ལས་འཁོར་འབྲེལ་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་མཐུན་སྦྱོར་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ནས་རྒྱལ་སྤྱིའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་མེད་པའི་ཉེན་ཁའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་དགོས། མཁོ་སྤྲོད་དོ་མི་སྙོམས་པའི་སྟོང་ཆ་གསབ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་ཡུན་རིང་དང་དུས་ཐུང་ཟུང་འབྲེལ་བྱས་ཏེ་ནང་མཁོ་ཆེར་གཏོང་གི་ལས་དོན་གལ་ཆེན་ཡག་པོ་སྒྲུབ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་གྲོང་མིའི་ལས་ཞུགས་འགན་ལེན་དང་གཞི་རྩའི་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་ཧེ་བག་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་ཁག་གི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་ཐུབ་པ་བྱེད་དགོས། གཙོ་གནད་ལས་དོན་དམིགས་སུ་དམ་འཛིན་ཡག་པོ་བྱས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་འཛུགས་སྐྲུན། ཧའེ་ནན་གྱི་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་གཏོང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས། རྨ་ཆུ་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་བཅས་ས་ཁོངས་གལ་ཆེན་གྱི་འཕེལ་རྒྱས་འཐབ་ཇུས་ལ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་ལ་དེ་བས་སྣང་ཆེན་བྱེད་པ་དང་གཙོ་གནད་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་དགོས། འཐབ་ཇུས་ཀྱི་མཐོ་ཚད་ནས་ལྟ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"