མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ལི་ཤན་ལུང་གིས་མི་དམངས་བྱ་སྤྱོད་ཏང་ལ་སྣེ་ཁྲིད་གནང་སྟེ་ཉེ་དུས་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེ་མོའི་ནང་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱི་འགོ་ཁྲིད་འོག་སིང་ཀ་ཕོར་མི་དམངས་ཀྱིས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་མགྱོགས་མྱུར་སླར་གསོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སིང་ཀ་ཕོར་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ནང་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་མ་ཟད། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱལ་ཁབ་ཁག་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་རང་ནུས་གང་ཡོད་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་ཟོག་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་ཐོན་ཚུན། ཀྲུང་སིང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ལས་རིགས་ཁག་གིས་ཕན་ཚུན་རོགས་རམ་དང་ལྟ་རེས་སྐྱོང་རེས་བྱས་ཡོད། རྒྱལ་ཁབ་གཉིས་པོས་སྔོན་ལ་དགོས་ངེས་ཀྱི་མི་སྣ་འགྲོ་འོང་གི“མགྱོགས་ལམ”བསྐྲུན་ནས་ས་ཁུལ་གྱི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་ལམ་བུ་ཤར་གཏོང་ཐུབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། རིམས་འགོག་མཉམ་ལས་དེ་ཀྲུང་སིང་འབྲེལ་བའི་བཀྲག་མདངས་འཚེར་སར་གྱུར་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྔོན་མཐོང་རང་བཞིན་དང་། འཐབ་ཇུས་རང་བཞིན། དཔེ་མཚོན་རང་བཞིན་བཅས་སླར་ཡང་མངོན་པ་མ་ཟད། ཀྲུང་སིང་དབར་གྱི་ཕྱོགས་མང་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པར་ཡང་ནང་དོན་གལ་ཆེན་བསྣན་ཡོད། འདི་ལོ་ནི་ཀྲུང་སིང་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། ཕྱོགས་གཉིས་པོས་སྟབས་བསྟུན་གྱི་བྱེད་ཐབས་སྣ་མང་སྤྱད་དེ་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་དམངས་ཀྱི་སེམས་སུ་ཟུག་པ་བྱེད་དགོས།
     ལི་ཤན་ལུང་གིས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཡོད། སིང་ཀྲུང་རྒྱལ་ཁབ་གཉིས་པོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཏེ་སིང་ཀ་ཕོར་ཕྱོགས་ཀྱིས་རིམས་ནད་ཁྱད་བསད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།

  
style="display:none;"