མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ། 
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་17ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་14པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན》ཞེས་པ་སྤེལ་བ་རེད།
     གསུང་རྩོམ་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ཞིང་། ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན། ཏང་སྲིད་དམག་དམངས་སློབ་དང་། ཕྱོགས་བཞི་མཚམས་བརྒྱད་མཐའ་དག་ལ་འགོ་ཁྲིད་བྱེད་མཁན་ནི་ཏང་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་གནས་ས་དང་བདེ་སྐྱིད་གནས་ས་ཡིན། ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ཡོད་པ་ནི་ཀྲུང་གོ་དང་། ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱི་བསོད་ནམས་ཆེན་པོ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་ཁྲོད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ནི་ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་དེ་ཡིན། གསོན་ཉམས་དོད་པོས་བརྗོད་ཚེ། “སྐར་ཚོགས་ཀྱིས་ཟླ་བ་བརྒྱན”ཞེས་པའི་ཁྲོད་ཀྱི“ཟླ་བ”དེ་ཀྲུང་གོ་གུང་ཁྲན་ཏང་ཡིན། ཀྲུང་གོའི་རྒྱལ་བབ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཀྲུང་གོའི་ཁྱད་ཆོས་གང་ཡིན་ཞེ་ན། དེ་ནི་ཀྲུང་གོའི་ཁྱད་ཆོས་ཡིན།
     གསུང་རྩོམ་ནང་བསྟན་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པས། དུས་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཟ་ཟིར་དང་གཡོ་འགུལ་གཏན་ནས་གཏོང་མི་རུང་། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཚགས་ཚུད་ལ་འཐུས་སྒོ་ཚང་བའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན། ཀ་བཞི་གདུང་བརྒྱད་ཀྱི་ནུས་པ་ཐོན་པ་ནི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་ཡིན། དེའི་ནང་སྤྱི་འདོམས་ཀྱི་གནས་བབ་ལྡན་པ་ནི་ཏང་གི་འགོ་ཁྲིད་ལམ་ལུགས་ཡིན། ཏང་གི་འགོ་ཁྲིད་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་འགོ་ཁྲིད་ལམ་ལུགས་ཡིན། ང་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་དང་། བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད། ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བཅས་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་རྩ་བའི་བླང་བྱ་རང་རྟོགས་ངང་ལག་ལེན་མཐར་ཕྱིན་པ་བསྟར་དགོས།
     གསུང་རྩོམ་ནང་ནན་བཤད་བྱས་དོན། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་བྱ་བ་ཡག་པོ་སྒྲུབ་དགོས། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་དེ་ལས་རྣམ་པར་རྒྱལ་བ་བྱེད་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་རེའི་ཏང་འདི་ཉིད་ཆ་ཚང་དུ་ཚང་དུ་དང་། སྟོབས་ཆེ་རུ་ཆེ་རུ། འཐབ་ནུས་ཆེ་རུ་ཆེ་རུ་འགྲོ་བ་བཅས་བྱེད་དགོས།

  
style="display:none;"