མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་17ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་མཐོ་ སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱིའི་ལས་ཞུགས་གསར་གཏོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱིའི་ལས་ཞུགས་གསར་གཏོད་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་ཡག་པོ་སྤྱད་དེ་མ་དངུལ་དང་རྣམ་གྲངས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་བླང་བྱ་བཅས་བཀོད་སྒྲིག་བྱས་པ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་ཡང་བྱས་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་གཅོག་པར། ངེས་པར་དུ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བ་བཅས་བྱས་ཏེ། སྒུལ་ནུས་གསར་པར་བརྟེན་ནས་ལས་ཞུགས་དང་ཁྲོམ་ར་འགན་ལེན་གྱི་བྱེད་པོར་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་དང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་དགོས། གཅིག་ནས་ལས་གཏོད་གསར་གཏོད་ཀྱི་བྱེད་པོར་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་བཀོད་སྒྲིག་ཆེད་དངུལ་སྤྱད་དེ་གསར་གཏོད་གཉིས་ཀྱི་དཔེ་མཚོན་རྟེན་གཞི་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། བེད་མེད་འཁོར་ཁང་དང་ཕན་འབྲས་ཞན་པའི་ས་ཆ་སྤྱོད་པ་སོགས་གསོན་ཤུགས་འཕེལ་བ་བྱས་ཏེ། གསར་གཏོད་གཉིས་ཀྱི་གཙོ་གནད་རྣམ་གྲངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། སྲིད་གཞུང་གིས་མ་དངུལ་བཏང་བའི་སྐྱོང་གསོའི་རྟེན་གཞི་སོགས་ནས་བསྡུར་ཚད་ངེས་ཅན་ཞིག་གི་ས་ཆ་རིན་པ་མི་ལེན་པར་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་ལ་མཁོ་འདོན་བྱེད་དགོས། གསར་གཏོད་ཐོག་མ་ཡིན་པ་མ་ཟད་རྒྱུན་གཏན་གཉེར་སྐྱོང་བྱས་ནས་ལོ་གཅིག་ཡན་སོང་བའི་ཕ་ཡུལ་དུ་ལོག་མཁན་ལས་གཏོད་མི་སྣར་སྤྲོད་ཐེངས་གཅིག་གི་ལས་གཏོད་ཁ་གསབ་སྤྲོད་དགོས། གཉིས་ནས་གསར་གཏོད་གཉིས་ཀྱི་དཔེ་སྟོན་རྟེན་གཞིས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་དང་ས་ཁོངས་བརྒལ་བའི་མཉམ་འདྲེས་འཕེལ་རྒྱས་ལས་སྟེགས་བསྐྲུན་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་ཆེད་ལས་ཅན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཞབས་ཞུའི་ལས་སྟེགས་བསྐྲུན་དགོས། གསུམ་ནས་དངུལ་རྩའི་སྒྲིག་གཞིས་སྒྲིག་ཆས་བརྒྱུད་མ་དངུལ་བསྡུ་སྒྲིལ་བོགས་གཏོང་དང་ལས་གཏོད་དང་འབྲེལ་བའི་འགན་བཅོལ་ལས་སྒོ་གཉེར་རྒྱུར་སྐུལ་ལྕག་བྱེད་པ་དང་འགན་བཅོལ་མ་དངུལ་ལ་བརྟེན་ནས་ནོར་དོན་རང་བཞིན་གྱི་རྐང་དབང་མ་འཇོག་ལས་རིགས་གཉེར་བའི་ཚོད་འཛིན་མེད་པ་བཟོ་བ་དང་ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་རས་རྐང་དབང་མ་འཇོག་དང་ལས་གཏོད་མ་འཇོག་ཐོབ་སྐལ་ནང་བཤུག་གི་ཚོད་ལྟའི་ལས་དོན་སྤེལ་དགོས། བཞི་ནས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་བྱ་སྤྱོད་ལག་བསྟར་བྱས་ཏེ་ཁེ་ལས་དང་། གཉིས་གཏོད་དཔེ་སྟོན་རྟེན་གཞི། དྲ་སྦྲེལ་ལས་སྟེགས་བཅས་ཀྱིས་མཉམ་དུ་བཅོལ་གསོ་དང་། རྒན་གསོ། ཁྱིམ་ལས། ཡུལ་སྐོར། དྲ་ཐོག་ཚོང་ཁང་སོགས་ལས་གཏོད་གསོ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལས་འདེམས་འདུ་ཤེས་ལ་སྣེ་ཁྲིད་བྱས་ཏེ་ལས་ཞུགས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་དགོས། ཚོགས་འདུའི་ཐོག་རྩིས་དངོས་རྫས་གསུམ་དང་སྐྱེ་དངོས་སོགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། གཞོན་ནུ་ལོ་ཆུང་ཚོས་རྨང་གཞིའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་རྒྱལ་ཁབ་ཀྱི་གསར་གཏོད་ནུས་པའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཟླ་བདུན་པའི་ཟླ་དཀྱིལ་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་སྒོར་དུང་ཕྱུར་ཁྲི་3.75ཡི་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གསར་འཕར་ཁྲོད་ནས་སྒོར་དུང་ཕྱུར་ཁྲི་2.24བཀྲམ་པ་དང་། བཏང་བའི་སྒོར་དུང་ཕྱུར་ཁྲི་1.9ཚང་མ་ཞན་ཆ་སེལ་བའི་འཛུགས་སྐྲུན་གལ་ཆེན་ཐོག་བཏང་བར་བརྟེན་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་། མ་འཇོག་གི་ཕན་ནུས་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

  
style="display:none;"