མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་པ་ཡུས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་པ་ཡུས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་པ་དང་བསྟུན་ནས་ཀྲུང་ཐེ་རྒྱལ་ཁབ་གཉིས་ཀར་རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་གནོན་ཤུགས་འཕྲད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་དང་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བདེ་འཇགས་ངང་ལས་འགོ་བསྐྱར་འཛུགས་དང་བདེ་ཐང་ངང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཐོག་ནས་ཐེ་ལན་ཕྱོགས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་དེ་བས་ལེགས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ། རིམས་འགོག་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཐེའི་འབྲེལ་བའི་རྨང་གཞི་ཟབ་པ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། འདི་ལོ་ཚུན་རྒྱལ་ཁབ་གཉིས་པོས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ་དང་། དངོས་སྒྲུབ་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་ཚོང་དོན་དཀའ་ངལ་ཁྲོད་འཕར་ནས་ཀྲུང་ཐེའི་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། “ཐེ་ལན་གྱི་4.0” “ཤར་རྒྱུད་དཔལ་འབྱོར་བར་ཁྱམས”སོགས་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས་དྲ་ཐོག་ཚོང་དོན་སོགས་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཐེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་སྲ་བརྟན་དུ་བཏང་ནས་ས་ཁུལ་དེ་གའི་འཕེལ་རྒྱས་དང་དར་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     པ་ཡུས་ཀྱིས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས“ཐེ་ཀྲུང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་སེམས་ཟབ་མོ་གང་ལེགས་མངོན་ཡོད། ཐེ་ལན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་དང་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལ་བསྔགས་བརྗོད་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་བའི་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩི་རྒྱུར་ཁས་ལེན་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"