མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་པ། 《ཁེ་ལས་འབྲིང་ཆུང་གི་དངུལ་གཏོང་སྤྲོད་
འགན་སྲུང་གི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ《ཁེ་ལས་འབྲིང་ཆུང་གི་དངུལ་གཏོང་སྤྲོད་འགན་སྲུང་གི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་དེ་2020ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
     ཁེ་ལས་འབྲིང་ཆུང་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ་ལས་ཞུགས་རྒྱ་ཆེར་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་ནང་ཁེ་ལས་འབྲིང་ཆུང་གི་དངུལ་འགྱངས་ཆད་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེར་ཚད་མཐོའི་མཐོང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཁེ་ལས་འབྲིང་ཆུང་གི་དངུལ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་བླང་བྱ་བཏོན་གནང་ཡོད། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་གི་དངུལ་དུས་ཐོག་ཏུ་གཏོང་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲོལ་ཡིག》འདི་བཟོས་པ་རེད།
     《སྲོལ་ཡིག》ནང་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱི་དྲང་བདེན་ཡིད་རྟོན་ལ་ཤུགས་སྣོན་རྒྱག་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་དམ་པོར་དམིགས་ནས་ཚད་ལྡན་བཟོས་ཏེ་ཁེ་ལས་འབྲིང་ཆུང་གི་ཐོབ་ཚོར་ཆེ་རུ་ཏན་ཏིག་བཏང་ཡོད། 《སྲོལ་ཡིག》ནང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་དང་ཚུར་སྣང་ལན་ཆ་དྲག་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཁེ་ལས་འབྲིང་ཆུང་གི་དངོས་ཡོད་གནས་ཚུལ་ལ་བསམ་བློ་གང་ལེགས་གཏོང་བ་དང་ཁྲོམ་རའི་བྱེད་པོའི་གོ་དོན་རང་སྐྱོང་དང་གན་རྒྱ་རང་དབང་ལ་བརྩི་འཇོག་བྱས་ཏེ་ཁྲོམ་རའི་བྱེད་པོས་རང་འདོམས་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ། སྤྱི་ཚོགས་ཀྱིས་མཉམ་དུ་ལྟ་སྐུལ་བྱེད་པ་བཅས་ཀྱི་སྒོ་ནས་ཁེ་ལས་འབྲིང་ཆུང་གི་དངུལ་འགྱངས་ཆད་སྔོན་འགོག་དང་ཐག་གཅོད་ཀྱི་ཁྲིམས་སྲོལ་ལམ་ལུགས་བཙུགས་ཡོད།
     《སྲོལ་ཡིག》ལ་ཁྱོན་དོན་ཚན་29ཡོད་པ་དང་དེ་དག་གཙོ་བོ་ཕྱོགས་གསུམ་ལ་དབྱེ་བ་སྟེ།
     གཅིག་ནི་གན་རྒྱ་འཇོག་པ་དང་དེ་བཞིན་མ་དངུལ་འགན་ལེན་ཚད་ལྡན་དུ་བཏང་ནས་རྩིས་ཐོའི་དངུལ་གཏོང་སྤྲོད་ཀྱི་འབྱུང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། 《སྲོལ་ཡིག》ནང་ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ལུགས་དང་མི་མཐུན་པའི་དངུལ་སྤྲོད་དུས་བཀག་དང་། བྱེད་སྟངས། ཆ་རྐྱེན་བཅས་དང་ཆིངས་འགལ་འགན་འཁྲི་སོགས་ཉོ་ཚོང་གི་ཆ་རྐྱེན་འདོན་མི་ཆོག་ལ་ཁེ་ལས་འབྲིང་ཆུང་གི་དངོས་ཟོག་དང་། འདུ་འགོད། ཞབས་ཞུ་བཅས་ཀྱི་དངུལ་འགྱངས་ཆད་ཀྱང་བྱེད་མི་རུང་། དེ་དང་ཆབས་ཅིག་ནོར་སྲིད་མ་དངུལ་འགན་ལེན་གྱི་གཅུན་འདོམས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལས་ཁུངས་དང་བྱ་གཞག་ཚན་པས་ནོར་སྲིད་མ་དངུལ་སྤྱད་དེ་ཁེ་ལས་འབྲིང་ཆུང་ས་ནས་དངོས་ཟོག་དང་། འདུ་འགོད། ཞབས་ཞུ་སོགས་ཉོ་སྒྲུབ་བྱས་ནས་ཆོག་མཆན་ཐོབ་པའི་སྔོན་རྩིས་ལྟར་ལག་བསྟར་ནན་པོ་བྱེད་པ་ལས་སྔོན་རྩིས་མེད་པ་དང་སྔོན་རྩིས་ལས་བརྒལ་བ་སོགས་ཀྱི་སྒོ་ནས་ཉོ་སྒྲུབ་བྱེད་མི་རུང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་མཁོ་བའི་མ་དངུལ་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་པ་ལས་ཨར་སྐྲུན་ཚན་པས་དངུལ་སྔོན་ལ་བཏང་ནས་འཛུགས་སྐྲུན་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།
     གཉིས་ནི་གཏོང་སྤྲོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་རྩིས་ཐོའི་དངུལ་འགྱངས་ཆད་ལ་འགོག་ཟོན་བྱེད་རྒྱུ་དེ་ཡིན། 《སྲོལ་ཡིག》ནང་དངུལ་སྤྲོད་པའི་དུས་བཀག་དང་ཞིབ་བཤེར་རྩིས་ལེན་ཐད་བླང་བྱ་བཏོན་ཞིང་། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་རྣམ་པ་འགྱུར་བའི་ཐོག་ནས་དངུལ་སྤྲོད་དུས་བཀག་ནར་འགྱངས་བྱེད་མི་ཆོག་པ་གསལ་པོ་བཏོན་ཡོད་ལ། འགན་ལེན་དངུལ་བསྡུ་ལེན་དང་མཇུག་སྡོམ་རྩིས་རྒྱག་ཚད་ལྡན་ཡང་བཟོས་ཡོད། ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་འབྲིང་ཆུང་ལ་སྤྲོད་པའི་དངུལ་འགྱངས་ཆད་བྱས་ཚེ་ངེས་པར་དུ་དུས་འགྱངས་སྐྱེད་ཀ་སྤྲོད་དགོས་པ་དང་འབྲེལ། ལས་ཁུངས་དང་བྱ་གཞག་ཚན་པར་གཞུང་དོན་འཛད་སྤྱོད་དང་། གཞུང་ལས་ཁང་སྤྱོད། གྲོན་དངུལ་བཀོད་སྒྲིག་སོགས་ཐད་དགོས་ངེས་ཀྱི་ཚད་བཀག་བྱེད་ཐབས་སྤྱོད་དགོས་པ་ཁ་གསལ་བཏོན་ཡོད།
     གསུམ་ནི་ཡིད་རྟོན་ལྟ་སྐུལ་དང་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞིང་། གཏོང་སྤྲོད་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་དང་། ཞུ་གཏུག་ཐག་གཅོད་དང་ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་བསླབ་འདོམས་ཀྱི་ལམ་ལུགས། ལྟ་སྐུལ་གདེང་འཇོག་གི་ལམ་སྲོལ་བཅས་བཙུགས་ཏེ་ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས་པ་ཁ་གསལ་བཏོན་ཡོད།

  
style="display:none;"