མི་དམངས་དྲ་བ།

༄༅༎དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་ མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
     2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བླངས་པའི་ཁས་ལེན་ནན་པོ་ཞིག་ཡིན་པས་ངེས་པར་དུ་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱེད་དགོས། དེ་ནི་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས་ངེས་པར་དུ་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས།
     ཟླ་3ཚེས་6ཉིན། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོགས་འདུ་ཞིག་ཡིན་པ་དང་། དམིགས་ཡུལ་ནི་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཆོད་སེམས་དེ་བས་ཆེ་བ་དང་ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། ཏང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་སྟེ་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
     དབུལ་སྒྲོལ་འགག་སྒྲོལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་ཆེ་ཤོས་གནང་བའི་དོན་ཆེན་ཞིག་ཡིན་ལ་ཐུགས་ནུས་མང་ཤོས་བཏོན་གནང་བའི་བྱ་བ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ས་ཆ་གང་རུང་དུ་བརྟག་ཞིབ་ལ་ཕེབས་རིམ་བཞིན་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་ཀྱི་ཡོད། “ཁོང་ཚོའི་འཚོ་བར་དཀའ་ངལ་ཡོད་པས་ང་བློ་བདེ་པོ་མི་འདུག ཁོང་ཚོའི་འཚོ་བ་ལེགས་སུ་འགྲོ་རིམ་བཞིན་དགའ་ཚོར་སྐྱེ་ཡི་འདུག”2015ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དོན་ཁོ་ནར་ཆེད་དོན་ཚོགས་འདུ་ཐེངས་བདུན་འཚོགས་ཏེ་ཚོགས་ཐེངས་ཚང་མར་བརྗོད་དོན་གཙོ་བོ་གཅིག་ལ་དམིགས་པ་དང་། ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་དང་། ཐག་གཅོད་ཀྱི་ཐབས་ཇུས་ལ་གཅིག་སྡུད་ཐོག་ཞིབ་འཇུག ལས་དོན་བཀོད་སྒྲིག་བཅས་གནང་དོན་ནི་ཐབས་བརྒྱ་ཇུས་སྟོང་གིས་མི་སེར་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལམ་དུ་མི་གཅིག་ཀྱང་མ་ལུས་པ་དང་མི་གཅིག་ཀྱང་རྗེས་ལུས་མ་ཐེབས་པའི་འགན་ལེན་བྱ་རྒྱུ་དེ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ལ་ཉེ་སྟེ། མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་གྲངས་ཁྲི་9899ནས་2019ལོའི་ལོ་མཇུག་གི་མི་གྲངས་ཁྲི་551བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་10.2%ནས་0.6%བར་ཆག་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོ་གཞི་རྩའི་ཆར་དབུལ་སྒྲོལ་ཐུབ་པ། མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས”ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། “འགན་སྲུང་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆར་ཐག་གཅོད་བྱུང་བ། མང་ཚོགས་ཕྱིར་སྐྱོད་དཀའ་བ་དང་། གློག་དཀོན་པ། སློབ་གྲྭ་འགྲིམ་དཀའ་བ། ནད་ལྟ་དཀའ་བ། འཕྲིན་གཏོང་དཀའ་བ་སོགས་དུས་ཡུན་རིང་པོ་ཐག་གཅོད་མ་ཐུབ་པའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཡོངས་ཁྱབ་ཐོག་ཐག་གཅོད་ཐུབ་པ། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པ། ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་གསལ་དོད་པོས་མགྱོགས་སུ་སོང་བ་བཅས་རེད། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱིས་ལས་འགན་ལེགས་གྲུབ་ཟིན་རྗེས་རང་རྒྱལ་གྱིས་ལོ་10སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དང་། འཛམ་གླིང་ཐོག་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་དུས་ཡུན་ཐུང་ངུ་དེ་འདྲའི་ནང་མི་མང་པོ་དེ་འདྲར་དབུལ་སྒྲོལ་བྱེད་རོགས་མི་ཐུབ་པས་དེ་ནི་ཀྲུང་གོ་དང་འཛམ་གླིང་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་མི་དམངས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏན་ཏན་ཏིག་ཏིག་ངང་བསྒྲུབས་པ་ཞིག་ཡིན་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་མངོན་ཡོད།
     འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་མཐའ་མའི་ལོ་ཞིག་དང་མཇུག་བསྡུའི་ལོ་ཞིག་ཡིན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན་ལས་དོན་ཁག་གི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས་བདེ་བདེ་ལྷོད་ལྷོད་ངང་གདོང་མཆོང་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན་པར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྷག་མ་དག་དཀའ་ཚེགས་ཆེན་པོ་ཡོད་པ་དང་ཏོག་གསར་གློ་ཚད་རིམས་ནད་ལས་བཟོས་པའི་འགྲན་སློང་གསར་པ་ལས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པ་ངེས་པར་དུ་གསལ་པོ་མཐོང་ཐུབ་པ་བྱེད་དགོས་ཤིང་། མང་ཚོགས་དབུལ་པོ་ཁག་གཅིག་གི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མི་འདང་བ་དང་ལྷག་དོན་དུ་ལས་དོན་ལ་ལྷོད་གཡེང་ཤོར་བ་དང་བསམ་བློ་གཞན་དག་གཏོང་རྒྱུ་གཏན་འགོག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་དཀའ་ཚེགས་ཆེན་པོ་ཞིག་ཡིན་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་དམག་བཀའ་ཁུར་ལེན་ཞུ་ཡིག་ལ་རིམ་པ་བཞིན་མིང་རྟགས་བཀོད་ནས་དོན་ཐོག་ཏུ་འཁྱོལ་རྒྱུའི་ཁས་ལེན་བྱས་པས་བཤོལ་ལམ་གང་ཡང་མེད་པ་དང་། ཇི་ཙམ་མཇུག་མཐར་སླེབས་ན་དེ་ཙམ་གྱིས་དོ་ནན་དུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཅད་ལྟར་ལེགས་འགྲུབ་ཡོང་རྒྱུའི་འགན་ལེན་བྱེད་དགོས།
     ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ལས་འགན་དཀའ་ཚེགས་ཆེ་ཤོས་ནི་དབུལ་སྒྲོལ་འགག་སྒྲོལ་ཡིན་པ་དང་དེ་ནི་ཞན་ཆ་ཆེ་ཤོས་ཤིག་ཡིན་ལ་མཚོན་བྱེད་རང་བཞིན་གྱི་སྟོན་རྟགས་ཤིག་ཀྱང་ཡིན། ད་ཆ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་རྦད་དེ་ལེན་པའི་དུས་སུ་སླེབས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་བརྒྱ་སྟོང་རིང་དབུལ་པོ་དབུལ་རྐྱང་ཡིན་པའི་གནད་དོན་ལོ་རྒྱུས་རང་བཞིན་ངང་མཇུག་འགྲིལ་བའི་དུས་སུ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་གདེང་ཚོད་བརྟན་དུ་བཏང་ནས་ཞུམ་མེད་འབད་འཐབ་བྱེད་དགོས་པ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་ལོ་རྒྱུས་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།

  
style="display:none;"