མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་
ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་04ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཕེབས་པ་རེད།
     ཚོགས་འདུའི་ཐོག་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་རིམས་ནད་དུས་བབ་ལ་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁུལ་དབྱེ་དང་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ། དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་ཐོན་སྐྱེད་ལ་སྤྱི་འདོམས་བཅས་བྱས་ནས་སྔོན་འགོག་ཚོད་འཛིན་དུས་བབ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྔར་བས་ཤུགས་ཆེར་འགྲོ་ཐབས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་གནང་དོན། དེང་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྔར་བཞིན་འགག་རྩའི་དུས་སྐབས་སུ་གནས་པ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རྒྱལ་ཡོངས་ཀྱི་རིམས་ནད་མཆེད་ཁུལ་གཙོ་བོ་ཡིན་པའི་ཧུའུ་པེ་དང་ཝུའུ་ཧན་གྱིས་མུ་མཐུད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་སྡེ་ཁུལ་གྱི་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱོབ་བཅོས་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཡོངས་བསྒྲགས་བྱེད་དགོས། པེ་ཅིང་སོགས་མི་འབོར་འགྲོ་འོང་ཆེ་བའི་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི་འགན་འཁྲི་ནན་དུ་བཏང་ནས་བགྲོད་ལམ་དང་། སྡེ་ཁུལ། འགག་སྒོ་བཅས་ནན་པོ་སྲུང་བ་དང་ནད་ཡམས་ཕྱི་ནས་ཡོང་བ་དང་མཆེད་རྒྱུ་ནན་འགོག་བྱེད་དགོས། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གིས་དོན་དངོས་ལ་གཞིགས་ནས་འཕྲལ་སྡོམ་བརྡ་ལན་རིམ་པ་ལེགས་སྒྲིག་བྱེད་པ་དང་འབྲེལ། རྫོང་ཁོངས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་རྗེས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་གནད་སྨིན་དོན་འཁྱོལ་བྱས་ཏེ། དགོས་མེད་ཀྱི་མི་ཚོགས་འདུ་འཛོམས་ཉུང་དུ་གཏོང་བ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས། མགྱོགས་མྱུར་དང་སྟབས་བདེའི་ཞིབ་དཔྱད་ཚད་ལེན་གྱི་སྦྱོར་རྫས་གསར་སྤེལ་དང་། སྨན་རྫས་གཙོ་བོ་ཞིབ་སྤེལ་ཚོད་ལྟ། ནུས་ལྡན་གྱི་རིམས་འགོག་སྨན་ཁབ་ཀྱི་འགག་སྒྲོལ་སོགས་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཚན་རིག་དང་མཐུན་པའི་གནད་སྨིན་གྱི་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཧུའུ་པེ་ཕུད། རང་རྒྱལ་གྱི་རིམས་ནད་སྤྱི་ཡོངས་ནས་ཉུང་ཙམ་ཡིན་པ་དང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་མངོན་མོད། འོན་ཀྱང་རིམས་ནད་མཆེད་རྒྱུར་སྔར་བས་ཚོད་འཛིན་བྱས་ཏེ་གློ་བུར་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་རྒྱུ་བཀག་འགོག་བྱེད་དགོས་ལ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནི་འགག་སྒོ་གལ་ཆེན་དང་རྨང་གཞི་ཞིག་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པས་རིམས་ནད་འགོག་རྒོལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ས་ཁུལ་ཁག་གིས་ཁོང་ཚོར་སྔར་བས་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས།
     ཚོགས་འདུའི་ཐོག མིག་སྔའི་དཔྱིད་རྨོད་ཐོན་སྐྱེད་ལས་དོན་གྱི་ཕྱོགས་སྟོན་ལ་གྲོས་ཞིབ་བྱས་ཏེ་ས་ཁུལ་ཁག་གིས་དོན་དངོས་ལྟར་གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། ཞིང་ལས་ཀྱི་དུས་སྐབས་འཐུས་ཤོར་མེད་པར་དཔྱིད་ལས་དང་དཔྱིད་རྨོད་ལ་དམ་འཛིན་ཡག་པོ་བྱས་ཐོག དབྱར་འབྲུར་སླར་ཡང་ལོ་ལེགས་ཡོང་བ་བྱས་ཏེ་སྔ་སྨིན་འབྲས་སོགས་འདེབས་རན་དུས་འདེབས་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རང་བྱུང་གནོད་འཚེ་འགོག་ཟོན་དང་ནད་འབུའི་གནོད་འཚེ་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། ཧུའུ་པེས་ཀྱང་རིམས་ནད་སྔོན་འགོག་ཡག་པོ་བྱེད་པ་དང་དུས་མཚུངས་གོ་རིམ་ལྡན་པའི་ངང་ཞིང་ལས་ཐོན་སྐྱེད་བྱེད་དགོས།

  
style="display:none;"