མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་མིག་སྔའི་ཏོག་གསར་གློ་ཚད་
རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་པོ་ཡོང་བའི་
གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་
ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་པོ་ཡོང་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་རྒྱལ་ཡོངས་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བའི་ཐོག་མའི་རྣམ་པ་མངོན་བཞིན་ཡོད་པས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་མགྱོགས་མྱུར་འཛུགས་པ། འབྲེལ་ཡོད་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཐོབ་པར་དཀའ་བའི་དུས་བབ་བཟང་པོ་དེ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔ་ཙམ་རྒྱུན་གཏན་གྱི་ལམ་བུའི་ཐོག་བསྐྱོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་ཆ་རྐྱེན་བསྐྲུན་དགོས་པའི་མཛུབ་སྟོན་གནང་བ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། ས་ཁུལ་གཞན་དག་གི་མི་སྣ་འགྲོ་འོང་དང་འདུ་འཛོམས་མང་དུ་ཕྱིན་པ་ལས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱེད་དགོས་པ་དང་རིམས་ནད་ལ་དོགས་ཟོན་བྱ་རྒྱུ་ཆུང་དུ་གཏོང་མི་རུང་། སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དམའ་རུ་གཏོང་མི་རུང་། མུ་མཐུད་དམ་འཛིན་དང་དམ་འཛིན་ཞིབ་ཚགས་བྱེད་དགོས། དེ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་གནད་ལ་འཁེལ་བ་དང་། གོ་རིམ་ལྡན་པ། ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་མི་རྒྱུ་དངོས་གསུམ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པ་དང་། ཐོན་སྐྱེད་དང་། མཁོ་སྤྲོད། མཁོ་ཚོང་བཅས་འབྲེལ་མཐུད་ནུས་ལྡན་ཐུབ་པ། ཕྱི་ནང་ཚོང་དོན་ནུས་ལྡན་ངང་ཤར་གཏོང་ཐུབ་པ་བཅས་བྱས་ནས་རིམས་ནད་ལས་བྱུང་བའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། དངོས་ཐོག་བདེན་འཚོལ་དང་། བྱ་བ་གང་བྱེད་དོན་དངོས་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"