མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་26ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཉེན་ཁ་དང་འགྲན་སློང་ལ་ཇི་ཙམ་འཕྲད་ན་དེ་ཙམ་གྱིས་ཞིང་ལས་བརྟན་པོ་ཡོང་བ་དང་དེ་ཙམ་གྱིས་འབྲུ་རིགས་དང་ཞོར་ཟས་གལ་ཆེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། རིམ་ཁག་ཏང་ཨུད་ཀྱིས“ཞིང་གསུམ”ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་གཙོ་གནད་ལས་འགན་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་འདིང་བ། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་དེ་བས་ཏན་ཏིག་གིས་གསབ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་ཁུལ་དབྱེ་དང་རིམ་དབྱེའི་ཧེ་བག་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་སྒྲིག་འཛུགས་བྱས་ཏེ་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བ་དང་དབྱར་འབྲུ་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས་པ། འབྲུ་རིགས་ཐོན་སྐྱེད་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་འདེབས་པའི་གཞི་རྩའི་ཁེ་ཕན་འགན་སྲུང་བྱེད་པ། འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་བརྟན་པོ་ཡོང་བ་སྲུང་འཛིན་བྱེད་པ། ཐོན་ཁུལ་གཙོ་བོས་དགེ་མཚན་འདོན་སྤེལ་གང་ཐུབ་བྱེད་པ་དང་། ཐོན་འཚོང་དོ་མཉམ་ཁུལ་དང་བྲིན་འཚོང་ཁུལ་གཙོ་བོས་དགོས་ངེས་ཀྱི་རང་མཁོ་རང་སྤྲོད་བྱེད་ཚད་སྲུང་འཛིན་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཐུན་མོང་ཐོག་འཁུར་དགོས། ཚད་གཞི་མཐོ་བའི་ཞིང་ཁ་དང་། ཞིང་ཁའི་ཆུ་བེད། ཞིང་ལས་འཕྲུལ་ཆས་ཅན་སོགས་དེང་རབས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་འབྲེལ་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་བཏང་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་དང་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ནད་འབུའི་གནོད་འཚེ་དང་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་ཞིང་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། གསོན་ཕག་ཐོན་སྐྱེད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མདུན་དུ་ལྷགས་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ཏེ་ཐོན་སྐྱེད་སླར་གསོ་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

  
style="display:none;"