མི་དམངས་དྲ་བ།

༄༅༎ཧན་ཀྲེང་གིས་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐོག་
དམིགས་ཚད་དང་ལས་འགན་ཁ་གསལ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་འབོར་
ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཧན་ཀྲེང་གིས་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་ཀྱི་རྒྱལ་བབ་དང་རྒྱལ་ཁབ་ཀྱི་སྟོབས་ཤུབས་བརྟག་དཔྱད་བྱེད་ཐེངས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཏེ་རང་རྒྱལ་གྱི་མི་འབོར་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་པོ་བྱས་ཐོག་མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ཡང་དག་མཚོན་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
     ཧན་ཀྲེང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྤེལ་དགོས། རིམ་ཁག་ཡོངས་བཤེར་སྒྲིག་གཞི་མགྱོགས་མྱུར་བཙུགས་ཏེ་སྒྲིག་གཞིའི་མི་སྣ་དུས་ཐོག་ཏུ་དམིགས་སར་འབྱོར་བའི་འགན་ལེན་བྱེད་པ་དང་། ཡོངས་བཤེར་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཡོངས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཡོངས་བཤེར་གྱི་མཛུབ་ཁྲིད་པ་དང་ཡོངས་བཤེར་བ་ནན་ཏན་ངང་བདམས་ཏེ་ཡོངས་བཤེར་མི་སྣས་ཡོངས་བཤེར་ལས་འགན་དང་དུ་ལེན་ཐུབ་པའི་འགན་ལེན་བཅས་བྱེད་དགོས་པ་དང་། གློག་རྡུལ་ཅན་གྱི་འཚོལ་བསྡུར་སྐུལ་འདེད་ཧུར་ཐག་བཏང་ནས་གྲངས་གཞི་འཚོལ་བསྡུའི་ལས་ཕྱོད་དང་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཡོངས་བཤེར་གྲངས་གཞིའི་སྤུས་ཚད་ཁུངས་འདེད་དང་འགན་འཁྲི་བདའ་འདེད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡོངས་བཤེར་གྲངས་གཞི་ཞིབ་དཔྱད་ཐུབ་པ་དང་། ཁུངས་འདེད་ཐུབ་པ། འགན་འཁྲི་བདའ་འདེད་ཐུབ་པ་བཅས་བྱས་ནས་ཡོངས་བཤེར་གྲངས་གཞི་བདེན་པ་བདེན་ཐུབ་དང་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས་པ། དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་མི་འབོར་ཡོངས་བཤེར“ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་རྒྱབ་སྐྱོར་བྱེད་པ”མངོན་འགྱུར་ཧུར་ཐག་བྱེད་དགོས་པ་བཅས་རེད།
     ཧན་ཀྲེང་གིས་བླང་བྱ་བཏོན་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས“རྒྱལ་ཡོངས་ཀྱི་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱིས་ཁག་བགོས་མཉམ་ལས། ས་གནས་ཀྱིས་རིམ་དབྱེའི་འགན་འཁུར། ཕྱོགས་ཁག་ཐུན་མོང་ཐོག་ཞུགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་གྲོན་འགན་ལེན་དོན་འཁྱོལ་བྱེད་པ། ལས་ཀའི་འགན་འཁྲི་དམ་ནན་དང་དྲང་པོ་ཡོང་བ་བཅས་བྱས་ནས་མི་འབོར་ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་ལྟར་ཡོངས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཡོངས་བཤེར་ཁ་གཏད་ཀྱི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ནན་པོ་བྱེད་པ་དང་ཡོངས་བཤེར་ལ་ཐེ་གཏོགས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ། ཡོངས་བཤེར་ཁ་གཏད་ཀྱིས་ཁྲིམས་ལྟར་ཡོངས་བཤེར་འོས་འགན་བསྒྲུབས་ཏེ་ཡོངས་བཤེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་བཅས་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2020ལོར་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། ཡོངས་བཤེར་གྱི་ཚད་གཞིའི་དུས་ཚོད་ནི་2020ལོའི་ཟླ་11ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཏག་ཏག་ཏུ་ཡིན་པ་རེད།

  
style="display:none;"