མི་དམངས་དྲ་བ།

༄༅༎ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་ནས་དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་06ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ——— ཀྲུའུ་ཞི་ཞི་ཅིན་ཕིང་གི་2020ལོའི་ལོ་གསར་གྱི་ཤིས་ཚིག་ལས་བློ་སྒོ་འབྱེད་པ།
     “ང་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱེད་དགོས་ཤིང་། དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད་དེ་ཞན་ཆ་དག་ཏན་ཏིག་ངང་གསབ་པ་དང་། རྨང་གཞི་སྔར་བས་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱེད་དགོས”ཞེས་2020ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་འདས་ཟིན་པའི་ལོ་གཅིག་རིང་གི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་ཕྱིར་མིག་གཟིགས་གནང་སྐབས་རྔུལ་ཆུ་ལས་ཐོན་པའི་གྲུབ་འབྲས་དང་བྱ་བ་དངོས་བསྒྲུབས་ཏེ་བློ་རྩ་བརྟན་པོས་མདུན་སྐྱོད་བྱེད་མཁན་འབད་འཐབ་པར་བསྔགས་བརྗོད་གནང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྐུལ་སློང་གི་བཀའ་རྒྱ་བཏང་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་བཀའ་མོལ་དང་། རེ་སྒུག་ཟབ་མོ། མངགས་བཅོལ་ནན་པོ་བཅས་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་འབད་འཐབ་ཆེན་པོས་བསྐྲུན་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་རྒྱུར་སྐུལ་ལྕག་ཐེབས་ཡོད།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས“2020ལོ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན”དེ་ནི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཤིག་ཡིན་པ་མ་ཟད་འགག་སྒྲོལ་གྱི་དུས་སྐབས་ཤིག་ཀྱང་ཡིན། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། ལས་དོན་ཏན་ཏིག་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ཕུན་སུམ་ཚོགས་པོས་མཇུག་བསྡུ་འགན་ལེན་བྱེད་པ་དང་དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་གཟི་བརྗིད་ཀྱི་ལས་འགན་དང་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
     དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱེད་པར“ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱེད་པའི”དངོས་སྒྲུབ་ཀྱི་གཤིས་བཟང་རྒྱུན་འཁྱོངས་བྱེད་དགོས། 2019ལོར། རྒྱལ་ཡོངས་སུ་རྫོང་དབུལ་པོ་340ཙམ་གྱི་དབུལ་ཞྭ་འབུད་རྒྱུ་དང་མི་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུ་རེད། ལོ་དེ་དག་རིང་དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་རྐྱེན་ཐེབས་ཤུགས་སྔར་བྱུང་མྱོང་མེད་པ་དང་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་ནས་མིའི་རིགས་ཀྱི་དབུལ་པོར་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཐོག་གི་ལེའུ་གསར་པ་བརྩམས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་པ་ལས་བྱུང་བ་ཞིག་དང་དུས་རབས་གསར་པའི་འབད་འཐབ་པ་རྣམས་ཀྱི་རྔུལ་ཆུ་འདུས་པ་ལས་བྱུང་བ་ཞིག་རེད། 2020ལོར་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་ཧྭ་མི་རིགས་ལ་འགོག་རྐྱེན་བཟོ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་རྫོགས་རྟགས་འགོད་རྒྱུ་རེད། གདོང་མཆོང་གི་དུང་བརྡ་བསྒྲགས་ཟིན་པས་འགག་རྩ་ཆེ་ཤོས་ནི་ལྷོད་གཡེང་མི་གཏོང་བ་དང་ཕྱིར་བཤོལ་སྔོན་འགོག་བྱ་རྒྱུ་དེ་ཡིན། ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ་རྒྱལ་ཁ་ཡོངས་སུ་མ་བླངས་བར་མཚམས་འཇོག་མི་རུང་། འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་འགྲན་སློང་གི་མདུན་དུ་ང་ཚོས་ལས་འགན་གཏན་འཁེལ་དང་འབད་འབུངས་མདུན་སྐྱོད་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོ་བསྒྲུབས་ཏེ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲིར་ངོ་མི་གནོང་བ་བྱེད་དགོས།
     དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་བཅད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱེད་པར“དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་དགོས་པའི”འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་དང་མཚོན་བྱེད་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་ཀྲུང་དབྱང་གིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་གྲས་ཤིག་ཏུ་བརྩིས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ བ་བྱེད་པར་ད་དུང་ཞན་ཆ་འགའ་ཞིག་ལྡན་ནའང་ཞན་ཆ་ཆེ་ཤོས་ནི་སྔར་བཞིན་དབུལ་སྒྲོལ་གྱི་གནད་དོན་དེ་རེད། ད་ལྟ་དབུལ་སྒྲོལ་འགག་སྒྲོལ་དེ་མཐའ་མའི་མཁར་རྫོང་སྒྲོལ་བའི་དུས་མཚམས་སུ་སླེབས་པས་ཁ་གཏད་གཅོག་པའི་གནད་དོན་མང་ཆེ་བ་ནི་དབུལ་པོའི་ནང་གི་དབུལ་པོ་དང་དཀའ་ངལ་ནང་གི་དཀའ་ངལ་ཡིན་པས་ཆོད་སེམས་དེ་བས་ཆེ་བ་དང་། བསམ་ཕྱོགས་དེ་བས་གསལ་བ། བྱ་ཐབས་དེ་བས་གནད་སྨིན་བཅས་ཀྱི་ཐོག་ནས་ལས་དོན་ལ་དམ་འཛིན་བྱེད་དགོས། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་མདུན་དུ་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་འབད་འཐབ་བྱེད་ཕོད་ཚེ་གཞི་ནས་མང་ཚོཌ་དབུལ་པོ་དབུལ་སྒྲོལ་ངོ་མ་ཐུབ་པ་དང་དབུལ་སྒྲོལ་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ནས“ཕྱོཌ་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བར་དུ་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་པ་རྦད་དེ་མངོན་འགྱུར་ཐུབ་ནས་རང་རེའི་ཏང་གི་བརྗིད་ཉམས་ལྡན་པའི་ཁས་ལེན་མངོན་འགྱུར་བྱེད་ཐུབ།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེའི་རྒྱལ་ཁ་ལེན་པར་ད་དུང་མུ་མཐུད་དཀའ་སྤྱད་འབད་བརྩོན་བྱེད་དགོས། འོན་ཀྱང་དཀའ་ཚེགས་ཆེ་ན་དཔའ་ངར་མངོན། ལག་ལེན་བསྟར་ན་རྩ་ཆེན་ཡིན། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བླང་བྱ་བཏོན་གནང་བ་ལྟར་ཀུན་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་ནས་དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འབད་འཐབ་ལྷོད་མེད་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་གོམ་པ་དེ་ཡག་པོ་སྤོ་དགོས།

  
style="display:none;"