མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ལོ་སིའི་ཙུང་ལི་ཐུང་ལུན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལོ་སིའི་ཙུང་ལི་ཐུང་ལུན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཐུང་ལུན་ལ་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་ལོ་གསར་གྱི་སྨོན་འདུན་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་ལོ་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད་ལ་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་དེ་བས་རེད། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ང་ཚོའི་ཆབ་སྲིད་ཀྱི་རང་བཞིན་ཞིག་ཡིན་པས་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལག་གདང་དཔུང་སྒྲིལ་གྱིས་མཐོ་རིམ་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་སྲིད་འཛིན་གྱི་ཆུ་ཚད་དང་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་ངོས་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ལོ་སི་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་དང་ལ་རྒྱ་སྲུང་སྐྱོང་ལ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་དུས་སང་ནི་ཀྲུང་ལོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཀྲུང་ལོའི་དཔལ་འབྱོར་བར་ཁྱམས་འཛུགས་མགྱོགས་སུ་གཏོང་བ། ལྕགས་ལམ་དང་དཔལ་འབྱོར་གླིང་སོགས་རྣམ་གྲངས་ཆེ་གྲས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་ལོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཐུང་ལུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནང་བའི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་ཐོབ་པའི་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སླར་ཡང་རྟེན་འབྲེལ་ཞུས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་སྟེ“ལོ་བརྒྱ་དང་པོའི”འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"