མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་དབར་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཙུང་ཐུང་མཱ་མའོ་སྟངས་དཔྱལ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

ཟླ་1ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཙུང་ཐུང་མཱ་མའོ་སྟངས་དཔྱལ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་དང་བཞུགས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ལོ་གསར་པ་ཤར་བའི་སྐབས་སུ་འཛམ་གླིང་ཐོག་གནས་ཚུལ་བཟང་ངན་གཉིས་ཀ་འདྲེས་མར་ཐོན་པ་དང་། བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད། སྐུ་ཞབས་ཙུང་ཐུང་མཆོག་ཀྲུང་གོར་འཚམས་འདྲི་གནང་དུས་པེ་ཅིང་དུ་ལོ་གསར་པའི་ཁ་བ་ཐོག་མར་བབས། ཀྲུང་གོ་བའི་ཁ་རྒྱུན་དུ། དུས་ཐོག་འབབ་པའི་ཁ་བ་ནི། ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་ཞེས་ཟེར་སྲོལ་ཡོད། 2020ལོར་ཀྲུང་གོའི་འཕེལ་རྒྱས་དེ་བས་ལེགས་པ་ཡོང་རྒྱུའི་ཡིད་ཆེས་ང་ཚོར་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་2019ལོའི་ཟླ་དགུ་པར་ཀྲུང་གོ་དང་ཁེ་རི་པ་སི་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་ཡོད། སྐུ་ཞབས་ཙུང་ཐུང་དང་ཁེ་རི་པ་སི་སྲིད་གཞུང་གིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དེ་ཐོག་ནས་འཐབ་ཇུས་ཀྱི་མིག་རྒྱང་དང་ཆབ་སྲིད་ཀྱི་བློ་གཤོགས་གང་ལེགས་མངོན་ཐུབ་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པ་ནས་བཟུང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཤུགས་ཆེན་བྱས་པ་དང་། དུས་མཚམས་སྔ་མར་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་ཡོད། ཀྲུང་ཁེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་སླར་གསོ་བྱས་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་མདུན་ལམ་ཡངས་པོ་ཡོད་པའང་དོན་དངོས་ལས་ར་འཕྲོད་བྱུང་ཡོད། ད་རེས་སྐུ་ཞབས་ཙུང་ཐུང་འཚམས་འདྲིར་ཕེབས་པ་དེ་ནི་ཀྲུང་ཁེ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ང་ཚོས་ཁེ་རི་པ་སི་དང་མཉམ་དུ་འབད་འཐབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གིས་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱེད་དགོས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ལས། རྒྱལ་ཁབ་སྟོབས་འབྱོར་ལྡན་ན་ཡང་བཙན་བདག་མི་གཉེར་བར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་གྱིས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་དུ་འཇུག་གི་མིན། ཀྲུང་གོ་ཕྱོགས་ནས་ཁེ་རི་པ་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བདག་གདམ་ག་བྱས་པར་བརྩི་འཇོག་བྱེད་ཀྱི་ཡོད། ཁེ་རི་པ་སི་ཕྱོགས་ཀྱི་མཐོ་རིམ་དང་རིམ་པ་ཁག་དབར་འགྲོ་འོང་བྱེད་མང་དུ་བཏང་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ད་རེས་རྒྱལ་ཁབ་གཉིས་དབར“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་བསམ་ཤེས་དྲན་ཐོ་སོགས་ཀྱི་ཡིག་ཆར་མིང་རྟགས་བཀོད་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་གྲོས་འགོ་དང“ཁེ་རི་པ་སིའི་ལོ་ངོ་20ཡི་འཕེལ་རྒྱས་འཆར་འགོད”འབྲེལ་མཐུད་བྱས་ནས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེ་རི་པ་སིར་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     མཱ་མའོ་ཡིས་ཁེ་རི་པ་སི་ཕྱོགས་ཀྱིས་འགལ་རྐྱེན་བསལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་སླར་གསོའི་ཐག་གཅོད་གལ་ཆེན་བྱས་པ་ཡིན། དེ་ནི་ཀྲུང་གོར་ཡིད་ཆེས་དང་བློས་འཁེལ་བས་ཡིན། ཁེ་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་དུས་ཡུན་རིང་པོ་ཕྱིན་མེད་རུང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ངས་བསྐྱར་བཤད་བྱ་རྒྱུར། ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག ཀྲུང་གོའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་རྒྱབ་སྐྱོར། ཀྲུང་གོའི་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་འགྲུབ་རྒྱུར་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན། ཁེ་རི་པ་སི་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཡུལ་སྐོར། ཉ་ལས། སློབ་གསོ། འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"