མི་དམངས་དྲ་བ།

༄༅༎འཛམ་གླིང་ལ་ཤེས་དཔལ་དང་། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཀྲུང་གོ་ཞིག་མངོན་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་07ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     —— ཀྲུའུ་ཞི་ཞི་ཅིན་ཕིང་གི་2020ལོའི་ལོ་གསར་གྱི་ཤིས་ཚིག་ལས་བློ་སྒོ་འབྱེད་པ།
     “ང་ཚོས‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང་། པེ་ཅིང་རྒྱལ་སྤྱིའི་སྐྱེད་ཚལ་དངོས་མང་སྟོན་ཚོགས། ཨེ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བཅས་གཙོ་གཉེར་བྱས་ནས་འཛམ་གླིང་ལ་ཤེས་དཔལ་དང་། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཀྲུང་གོ་ཞིག་མངོན་པར་བྱས་ཡོད”“ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ཐོག ཧུར་བརྩོན་ཆེན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད” 2020ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2019ལོའི་རང་གཉེར་ཕྱི་འབྲེལ་བྱེད་སྒོ་ཆེན་པོ་བཞིར་ཕྱིར་དྲན་གནང་ནས། འཛམ་གླིང་ལ་སྒོ་དབྱེ་མཉམ་ལས་ཀྱི་ཀྲུང་གོའི་ཇུས་གཞི་གསལ་སྟོན་གནང་བ་དང་། གནམ་འོག་སྤྱི་ལ་དབང་བའི་བློ་རྒྱ་ཡངས་པོ་མངོན་པ། གནམ་འོག་ཀུན་ལ་ཁེ་ཕན་དོན་གཉེར་གྱི་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་པ། སྐད་གསང་མཐོན་པོས་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་བཅས་གནང་ཡོད།
     2019ལོར་དྲན་གསོ་བྱེད་སྐབས། ‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་གཉེར་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་། པེ་ཅིང་རྒྱལ་སྤྱིའི་སྐྱེད་ཚལ་དངོས་མང་སྟོན་ཚོགས་གཉེར་ནས་འཛམ་གླིང་མཉམ་དུ་སྣོད་བཅུད་ཤེས་དཔལ་གྱི་རྨང་གཞི་བཏིང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ། ཨེ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་འཚོགས་ནས་ཤེས་དཔལ་མི་འདྲ་བའི་སྤེལ་རེས་མྱོང་ལེན་ལ་སྟེགས་བུ་གསར་པ་ཡག་པོ་བསྐྲུན་པ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་གཉེར་ནས་དཔལ་འབྱོར་གོ་ལ་ཅན་ལ་རྒྱབ་སྐྱོར་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པར་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱས་པ་བཅས་རེད། རང་གཉེར་ཕྱི་འབྲེལ་བྱེད་སྒོ་འདི་དག་ལས་འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་ལེགས་སྐྱེས་ཕུལ་ཡོད། 2019ལོར་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་གཅིག་དང་རང་རྒྱལ་དབར་ཕྱི་འབྲེལ་བཙུགས་ནས་རང་རྒྱལ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་180བར་མང་དུ་ཕྱིན་ཡོད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་ཚོའི་གྲོགས་པོ་གནམ་འོག་གང་སར་ཁྱབ་ཡོད”ཅེས་ནན་བཤད་གནང་བ་ལྟར་རེད། འབྱུང་འགྱུར་ཀྲུང་གོས་ངེས་པར་དུ་དེ་བས་བློ་རྒྱ་ཡངས་པོའི་ཐོག་ནས་འཛམ་གླིང་ལ་ཕྱོགས་རྒྱུ་དང་། དེ་བས་སྒོ་དབྱེའི་ཉམས་འགྱུར་ཐོག་ནས་འཛམ་གླིང་དང་ལག་གདང་སྦྲེལ་རྒྱུ། དེ་བས་གསོན་ཤུགས་ལྡན་པའི་ཤེས་དཔལ་གྲུབ་འབྲས་ཐོག་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་རྒྱུ་བཅས་རེད།
     ད་ཆ། འཛམ་གླིང་ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱེད་ཡོད་པའི་ས་གོ་ལའི་གྲོང་ཚོར་འགྱུར་ནས། ཁེ་ཕན་མཉམ་འདྲེས་ཟབ་ཅིང་། ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་བཏོན་པ་དང་། ད་ཆའི་འཛམ་གླིང་ལ་འཕྲད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཞི་མཐུན་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་དམིགས་པ། མཉམ་ལས་གཉིས་ཁེ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་འཕེལ་རྒྱས་ལ་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་། བཙན་དབང་རིང་ལུགས་དང་དབང་ཤེད་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པ། འཛམ་གླིང་གི་ཤེས་དཔལ་གཞན་དག་དང་སྤེལ་རེས་མྱོང་ལེན་བྱེད་རྒྱུ་དར་སྤེལ་གཏོང་བ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་བ་བཅས་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྲུང་གོ་ནི་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་མེད་དུ་མི་རུང་བ་དང་ཡིད་ཆེས་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་གསུངས་པ་ལྟར་རེད།
     མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལོ་རྒྱུས་ལམ་བུ་ནི་འཁོན་འཁོན་ཐོགས་ཐོགས་མེད་པའི་ལམ་བུ་ཞིག་མིན་པར། མིའི་རིགས་ཀྱིས་དཀའ་ངལ་དང་འཐབ་རྩོད་དྲག་པོ་མདུན་སྐྱོད་བྱས་པ་ལས་བྱུང་བ་ཞིག་ཡིན་པ་འཛམ་གླིང་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོད། ད་ཆའི་འཛམ་གླིང་འདི་ཉིད་འཕེལ་རྒྱས་ཆེན་པོ་དང་། གསར་བསྒྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སུ་སླེབས་པ་དང་། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣེ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ། འཛམ་གླིང་གི་དུས་བབ་ལ་འགྱུར་བ་ཆེན་པོ་འགྲོ་བའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་འགྲོ་བ། གོ་ལ་ཧྲིལ་པོའི་ཟིང་ཆའི་ཡོངས་ཁུངས་དང་ཉེན་ཁ་ཐོན་ས་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་རྒྱུས་ཀྱི་ཆུ་བོ་རྒྱུན་ཆད་མེད་པར་རྒྱུག་པ་ལས། རླབས་འཇགས་ཞི་འཇམ་ཡོད་ལ་རྦ་རླབས་དྲག་ཏུ་འཕྱུར་བའང་ཡོད། ང་ཚོ་རླུང་འཚུབ་དྲག་ཆར་ལ་མི་སྐྲག་ལ། དཀའ་ངལ་དང་འགོག་རྐྱེན་ལ་ཡང་མི་སྐྲག”ཅེས་གསུངས་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།
     འཇིག་རྟེན་ཁམས་སུ། ས་གོ་ལ་གཅིག་ལས་མེད་པ་དང་མིའི་རིགས་སྤྱི་ལ་དབང་བའི་ཁྱིམ་གཞིས་གཅིག་ལས་མེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་མོ་འཛུགས་པ་དང་། ལག་གདང་སྦྲེལ་ནས་འབད་འཐབ་དང་ཕྱར་བ་གྲུ་འདེགས་བྱས་ཚེ། ང་ཚོས་ཞི་བདེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྫོགས་མཐའ་མེད་པ། ཤེས་དཔལ་གྱི་འོད་ཟེར་ལྷམ་མེར་འཕྲོ་བ་བཅས་ཐུབ་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་ཡིན།

  
style="display:none;"