མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།
《ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་སྲོལ་ཡིག》ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་སྟེ། 《ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཤིང་། 2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ཞིང་པ་ལས་མི་ཚོར་དུས་ཐོག་ཏུ་གླ་ཆ་གྲངས་ཚང་རག་་རྒྱུའི་འགན་ལེན་བྱ་ཆེད། 《སྲོལ་ཡིག》ནང་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། གླ་ཆ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གླ་ཆ་གཙང་སྤྲོད་འགན་འཁྲི་ཁ་གསལ་བཟོ་བ། གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་བྱེད་ཐབས་ཞིབ་ཕྲ་རུ་གཏོང་བ། ལྟ་འདོམས་བྱེད་ཐབས་ཤུགས་ཆེར་གཏོང་བ་སོགས་ཀྱི་ཐད་ནས། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་གཏན་འབེབས་བཟོས་ཡོད་པ་སྟེ།
      གཅིག་ནས་མི་སྤྱོད་ཚན་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་སྡེ་ཚན་ཁག་གི་ལྟ་འདོམས་འགན་འཁྲི་ཞིབ་ཕྲ་རུ་གཏོང་རྒྱུ། ཁྲོམ་རའི་བྱེད་པོས་འགན་འཁུར་རྒྱུ་དང་། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་འདོམས་བྱ་རྒྱུ། སྤྱི་ཚོགས་ཀྱིས་མཉམ་དུ་ལྟ་སྐུལ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་། ས་གནས་མི་དམངས་སྲིད་གཞུང་དང་དེ་བཞིན་ས་གནས་དེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། འཕེལ་རྒྱས་སྒྱུར་བཅོས། ནོར་སྲིད། སྤྱི་བདེ་སོགས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་ནན་དུ་གཏོང་བ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་གསར་འགྱུར་སྨྱན་སྦྱོར་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཐེར་འདོན་དང་ཞུ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་མང་པོ་ནས་མཉམ་དུ་བཅོས་སྒྲིག་བྱ་རྒྱུ་ཡིན་པ།
     གཉིས་ནས་གླ་ཆ་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ། གླ་ཆ་སྤྲོད་པར་དངུལ་ཁང་ནང་ནས་རྩིས་སྒྱུར་བྱེད་པའམ་ཡང་ན་དངུལ་སྨར་སྤྲོད་རྒྱུ་ལས་དངོས་ཟོག་དང་རིན་ཡོད་དངུལ་འཛིན་སོགས་གཞན་དག་སྤྲོད་མི་ཆོག་པ་ཁ་གསལ་བྱེད་པ་དང་། མི་སྤྱོད་ཚན་པས་གླ་ཆ་སྤྲོད་ཡུན་དང་ཞིབ་ཕྲའི་དུས་ཚོད་ལྟར་གླ་ཆ་གྲངས་ཚང་སྤྲོད་དགོས་པ་མ་ཟད། ད་དུང་ཡིག་ཐོག་ནས་གླ་ཆ་སྤྲད་པའི་རྩིས་ཐོ་བཟོས་ནས་རྩིས་ཐོ་ཉུང་མཐར་ཡང་ལོ་3ལ་ཉར་དགོས་པ།
     གསུམ་ནས་གླ་ཆ་གཙང་སྤྲོད་འགན་འཁྲི་ཁ་གསལ་བཟོས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱ་རྒྱུ། མི་སྤྱོད་ཚན་པ་གླ་ཆ་གཙང་སྤྲོད་འགན་འཁྲིའི་བྱེད་པོར་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག ཁྲིམས་མཐུན་གྱི་གཉེར་སྐྱོང་འོས་ཐོབ་མེད་པའི་ཚན་པས་ཞིང་པ་ལས་མི་བསྡུ་སྤྱོད་བྱེད་པ་དང་། ཁྲིམས་འགལ་ངང་མངགས་གཏོང་བྱས་པའི་ཞིང་པ་ལས་མི་སྤྱོད་པ། ལས་ཀའི་འགན་འཁྲི་གཙང་སྤྲོད་བྱེད་པ་སོགས་དམིགས་བསལ་གནས་ཚུལ་འོག་གི་གླ་ཆ་གཙང་སྤྲོད་འགན་འཁྲི་ཁ་གསལ་བྱས་ཡོད་པ་དང་། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་མ་དངུལ་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་པ་ལས་ཨར་ལས་ཚན་པས་སྔོན་ལ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་མི་ཆོག ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ས་ཁུལ་གྱི་སྲིད་གཞུང་དང་སྡེ་ཚན་གྱི་འགན་འཁུར་བ་སྐོང་འདྲི་བྱེད་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཆད་པ་གཅོད་ཆོག
     བཞི་ནས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགས་ནས་དམིགས་བསལ་གཏན་འབེབས་ཞིབ་ཕྲ་བཟོ་རྒྱུ། ལས་གྲྭའི་དངུལ་གཏོང་སྤྲོད་ཁག་ཐེག་དང་། གླ་ཆ་དང་ལས་གྲྭའི་དངུལ་ལོགས་དབྱེ། གླ་ཆ་ཆེད་སྤྱོད་རྩིས་ཐོ། མིང་དངོས་ལམ་ལུགས་ཀྱི་དོ་དམ། ཨར་ལས་སྤྱི་ཁྱབ་འགན་ལེན་ཚན་པས་གླ་ཆ་ཚབ་སྤྲོད་བྱེད་པ། གླ་ཆ་ཁག་ཐེག་དངུལ་སོགས་ཀྱི་ལམ་ལུགས་གཏན་འཁེལ་བྱེད་པ།
     ལྔ་ནས་ལྟ་འདོམས་བྱེད་ཐབས་ཤུགས་ཆེར་བཏང་ནས་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ། འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་དབང་ཚད་ཁ་གསལ་བཟོས་ཤིང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པའི་དངུལ་རྩའི་རྩིས་ཐོ་དང་། ཁང་པའི་བདག་དབང་། རླངས་འཁོར་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱེད་ཆོག་པ་དང་། མི་སྤྱོད་ཚན་པའི་ངལ་རྩོལ་འགན་སྲུང་དང་ཁྲིམས་སྲུང་ཡིད་རྟོན་གྱི་ཡིག་ཚགས་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་ཡིད་རྟོན་ཤོར་བའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་ལུགས་བཙུགས་ནས། སྲོལ་ཡིག་འདི་ལས་འགལ་བའི་བྱེད་སྤྱོད་རིགས་ལ་དེ་འཚམ་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད།

  
style="display:none;"