མི་དམངས་དྲ་བ།

༄༅༎《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་
གནད་བསྡུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་07ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》གི་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་བའི་མདུན་དུ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྐུལ་འདེད་བཏང་བ་དང་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་འབད་འབུངས་མདུན་སྐྱོད་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་སྟངས་འཛིན་ཟབ་མོ་གནང་ནས་ཕྱི་ཕྱོགས་ལས་དོན་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པས་ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཆེན་པོ་གཉིས་ལ་གཅིག་འདོམས་བྱེད་པ། མི་རིགས་བསྐྱར་དར་ལ་ཞབས་ཞུ་དང་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གསར་གཏོད་ཧུར་ཐག་བྱེད་པ་བཅས་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
     《རྣམ་བཤད་གནད་བསྡུས》ནང་ཁྱོན་ཆེད་དོན་10ཡོད་པ་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་གཅིག་འདོམས་སུ་བྱས་ཏེ་ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ལས་འགན་དུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྩ་བར་བཟུང་ནས་འཐབ་ཇུས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་རྩ་དོན་དུ་བཟུང་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཁེ་རྨང་གཞིར་བྱས་ཏེ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ཕྱི་འབྲེལ་བཀོད་པ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱབ་རྟེན་དུ་བྱས་ཏེ་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་མཐའ་འཁྱོངས། དྲང་གཞག་དྲང་བདེན་འདུ་ཤེས་སུ་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་མཐའ་ཚད་དུ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ཕྱི་ཕྱོགས་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱ་རྒྱུ་ཁ་ཕྱོགས་སུ་བྱས་ནས་ཀྲུང་གོའི་ཕྱི་འབྲེལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གཏོད་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་དེ་རེད། དེབ་དེའི་ནང་རྣམ་བཤད་དུམ་བུ་504བསྡུས་པ་དེ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12ནས་2019ལོའི་ཟླ་11བར་གྱི་གསུང་བཤད་དང་། གླེང་མོལ། སྙན་ཞུ། གཏམ་བཤད། རྩོམ་ཡིག རྟེན་འབྲེལ་འཕྲིན་ཡིག་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་190ལྷག་ཙམ་གྱི་ཁྲོད་ནས་གནད་བསྡུས་བྱས་པའི་ནང་རྣམ་བཤད་ཁ་ཤས་ཡོངས་བསྒྲགས་ངང་འདོན་ཐེངས་དང་པོ་རེད།

  
style="display:none;"