མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་རང་རྒྱལ་གྱི་མ་འཇོག་སྒྲིག་གཞི་
གཙོ་བོའི་འགན་འཁུར་བར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར་ཨའོ་མོན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་རང་རྒྱལ་གྱི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བར་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 
     ཞི་ཅིན་ཕིང་གིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཚང་མར་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20སོང་རིང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལེགས་གྲུབ་ལྡན་པའི་ངང་ལག་ལེན་བསྟར་བར་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ནི་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་རང་རྒྱལ་གྱི་མ་འཇོག་སྒྲིག་གཞིའི་དཀའ་སྤྱད་ལས་སྒྲུབ་དང་ཁ་འབྲལ་ཐབས་མེད། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཧུར་ཐག་བསྒྲུབས་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། རང་རྒྱལ་གྱི་མ་འཇོག་སྒྲིག་གཞིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། ཡུལ་དེ་རང་གི་ཁེ་ལས་དང་ཕན་ཚུན་གཞོགས་འདེགས་ཀྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་དར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གིས་ཚང་མའི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དེ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་། ཀང་ཨའོ་ལས་དོན་གྱི་རྩ་འཛིན་དང་ཕྱོགས་སྟོན་ཡིན་པས་ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་སྒྲིག་གཞི་དང་རང་རྒྱལ་གྱི་མ་འཇོག་སྒྲིག་གཞིའི་བློ་མཐུན་ཡོངས་ཀྱིས་ཨའོ་མོན་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་གཏོང་བ། གདེང་ཚོད་བརྟན་གཏོང་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་ཨའོ་མོན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གོང་འཕེལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

  
style="display:none;"