མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཨའོ་མོན་གྱི་དགའ་བསུའི་མཛད་སྒོ་ལ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཟླ་12ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་ལོ་20ནི་ཨའོ་མོན་གྱི་ལོ་རྒྱུས་ཐོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་དང་དམངས་འཚོ་འགྱུར་ལྡོག་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། སྤུན་ཟླ་ཨའོ་མོན་པས་རླབས་ཆེན་མེས་རྒྱལ་གྱི་ལ་རྒྱ་དང་གཟི་བརྗིད་ཀྱི་ཚོར་སྣང་མཉམ་སྤྱོད་བྱེད་ཤུགས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན། ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སའི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ཧུར་ཐག་སྒྲུབ་པ་དང་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས། 
     ཨའོ་མོན་གྱི་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་གི་གསོལ་སྟོན་ཚོམས་ཆེན་དུ་དགའ་སྤྲོའི་རྣམ་པའི་ཁེངས་ཤིང་། ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་སྐུ་ཟླ་ཧོ་ཧུའེ་ཧྥུན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཚོམས་ཆེན་དུ་ཕེབས་པས། ཚང་མ་ཡར་བཞེངས་ཏེ་ཐལ་མོ་རྡེབ་ནས་དགའ་བསུ་ཞུས་པ་རེད། 
     དེ་ནས་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་གསུང་བཤད་གནང་བ་རེད། ཁོང་གིས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཨའོ་མོན་གྱི་ཡུལ་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 
     ཞི་ཅིན་ཕིང་གིས། ལོ་5སོང་རྗེས་སླར་ཡང་ཨའོ་མོན་དུ་ཡོང་དུས་ཨའོ་མོན་གྱི་འཕེལ་རྒྱས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། སྤུན་ཟླ་ཨའོ་མོན་པའི་རང་ཁྱིམ་རང་བདག་གི་རྣམ་པ་ཡར་ངོའི་ཟླ་ལྟར་འཕེལ་བ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མདུན་སྐྱོད་གོམ་སྟབས་བརྟན་ཞིང་ནུས་ལྡན་ཡིན་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་སོང་ཞེས་གསུངས། 
     ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་བླང་བྱ་དེ་ཨའོ་མོན་གྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་བྱས་པས་ཨའོ་མོན་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་བཀྲག་མདངས་འཚེར་ས་མང་པོ་མངོན་འགྱུར་བྱུང་སྟེ། རྒྱལ་གཅེས་ཨའོ་གཅེས་དེ་སྤྱི་ཚོགས་ཡོངས་ཀྱི་ལྟེ་བའི་རིན་ཐང་དུ་གྱུར་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་བརྟན་པོ་འཛུགས་པ། སྲིད་འཛིན་གཙོ་ཁྲིད་སྒྲིག་སྲོལ་བདེ་བླག་ངང་འཁོར་སྐྱོད་བྱེད་པ། ཧུར་ཐག་དང་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ། བཟོད་སྒོམ་དང་ཞི་མཐུན་གྱིས་སྤྱི་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་མངོན་འགྱུར་བྱུང་ཡོད་ཅེས་གསུངས། 
     ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཤུགས་བསྐྱེད་སྟོབས་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད། ད་ཆ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་འཕུར་མཆོང་རླབས་ཆེན་བསུས་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཆེན་པོ་དང་བྱས་རྗེས་ཆེན་པོ་འཇོག་པའི་དུས་རབས་ཤིག་ཡིན་ལ། ཨའོ་མོན་དང་མེས་རྒྱལ་ནང་ས་ཐུན་མོང་ཐོག་དར་རྒྱས་དང་ཐུན་མོང་ཐོག་འབད་འཐབ་བྱེད་པའི་དུས་རབས་ཤིག་ཀྱང་ཡིན་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་ངེས་ལ། སྤུན་ཟླ་ཨའོ་མོན་པས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་ཐུབ་ངེས་རེད་ཅེས་གསུངས། 
     ཚུའེ་ཧྲི་ཨན་གྱིས་ཤིས་ཚིག་འབུལ་དུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དབུ་བརྙེས་ནས་ལོ་20འཁོར་བའི་དུས་སུ་ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཨའོ་མོན་དུ་ཕེབས་པར་བསུ་བ་ཞུས་པ་ཡིན། ཨའོ་མོན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་རྩ་ཆེའི་ཉམས་མྱོང་ནི་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་པ་དེ་ཡིན་ལ། དེའི་སྲོག་ཤིང་ནི་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་མ་ལག་དང་རྒྱལ་ཁབ་ཀྱི་ལྟེ་བའི་རིན་ཐང་ལ་གོ་བ་ཡང་དག་བླངས་པ་དང་ལྷག་བསམ་ཟོལ་མེད་ངང་བརྩི་བཀུར་ཞུས་པ་དེ་རེད། ཨའོ་མོན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐའ་དག་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་འོག་སྲིད་འཛིན་དཔོན་སྐབས་ལྔ་པ་སྐུ་ཞབས་ཧོ་དབྱི་ཁྲེང་གིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་རྒྱ་ཆེའི་ཨའོ་མོན་གྱི་ཡུལ་མི་ཚོའི་སྣེ་ཁྲིད་དེ་གཞི་རྩའི་བཅའ་ཁྲིམས་མུ་མཐུད་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རླབས་ཆེན་བྱ་གཞག་རྒྱུན་མི་ཆད་པར་མུ་མཐུད་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བརྗོད། 
     ཏིང་ཞུའེ་ཞང་དང་། ཝང་ཁྲེན། ཀྲང་ཡིའུ་ཞ། ཝང་དབྱི། མ་པེའོ་སོགས་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་ཡོད་པ་རེད། 
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡེའུ་ཨེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་བསྐོ་བྱའི་འོས་མི་ཧོ་དབྱི་ཁྲེང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་སོགས་ཀྱང་དགོང་ཚོགས་ལ་ཞུགས་པ་རེད།

ཟླ་12ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཟླ་12ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

  
style="display:none;"