མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དགའ་བསུ་ཞུ་བའི་དགོང་མོའི་
གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་21ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་12ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དགའ་བསུ་ཞུ་བའི་དགོང་མོའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཞི་ཅིན་ཕིང་གིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པའི་ལོ་ངོ་20ནི་ཨའོ་མོན་གྱི་ལོ་རྒྱུས་ཐོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་དང་དམངས་འཚོ་ལེགས་བཅོས་ཆེ་ཤོས་བྱུང་བའི་དུས་སྐབས་ཤིག་རེད་ལ། སྤུན་ཟླ་ཨའོ་མོན་བ་ཚོས་རླབས་ཆེན་མེས་རྒྱལ་གྱི་ལ་རྒྱ་དང་གཟི་བརྗིད་ཚོར་སེམས་མཉམ་སྤྱོད་བྱེད་པའི་དུས་སྐབས་ཤིག་ཀྱང་རེད། ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་སྲིད་གཞུང་དང་མེས་རྒྱལ་ནང་སའི་ཤུགས་ཆེའི་རྒྱབ་སྐྱོར། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ལས་དོན་ཧུར་ཐག་བསྒྲུབས་པ་དང་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་བཅས་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད། 
     ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་གི་གསོལ་སྟོན་ཚོམས་ཆེན་ནང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཆུ་ཚོད་18པ་ཙམ་ལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་སྐུ་ཟླ་ཧོ་ཧུའེ་ཧྥེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཚོམས་ཆེན་དུ་ཕེབས་སྐབས། ཚོགས་རའི་མི་རྣམས་ཡར་ལངས་ནས། ཐལ་མོ་བརྡབས་ཏེ་དགའ་བསུ་ཞུས་པ་རེད། 
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། 
     ཞི་ཅིན་ཕིང་གིས། ལོ་ལྔ་འདས་རྗེས་སླར་ཡང་ཨའོ་མོན་དུ་འབྱོར་སྐབས། ཨའོ་མོན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དང་། སྤུན་ཟླ་ཨའོ་མོན་བའི་རང་ཁྱིམ་རང་བདག་གི་ཉམས་འགྱུར་གཟེངས་མཐོ་བ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མདུན་སྐྱོད་གོམ་སྟབས་བརྟན་ལ་ནུས་ལྡན་བཅས་ཀྱི་ཚོར་སྣང་ཟབ་མོ་བྱུང་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འབད་འབུངས་སྟོབས་བརྩོན་དང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ནས། མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ད་ཆ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་རླབས་ཆེན་འཕུར་མཆོང་བསུས་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བྱས་རྗེས་ཆེན་པོ་བཞག་པའི་དུས་རབས་ཤིག་རེད་ལ། ཨའོ་མོན་དང་མེས་རྒྱལ་ནང་ས་ཐུན་མོང་གྲ་རྒྱས་དང་ཐུན་མོང་འབད་འཐབ་ཀྱི་དུས་རབས་ཤིག་ཀྱང་རེད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ངེས་པར་དུ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་རེད་ལ། སྤུན་ཟླ་ཨའོ་མོན་བ་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་གསུངས་པ་རེད། 
     ཚུའེ་ཧྲི་ཨན་གྱི་ཤིས་ཚིག་ནང་། ཨའོ་མོན་གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བྱུང་བའི་རྩ་ཆེའི་ཉམས་མྱོང་ནི། ཕྱོགས་ཡོངས་དང་གནད་འཁེལ་གྱི་སྒོ་ནས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་པ་དེ་ཡིན་ལ། དེའི་སྲོག་ཤིང་ནི་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་མ་ལག་དང་རྒྱལ་ཁབ་ཀྱི་ལྟེ་བའི་རིན་ཐང་ལ་གོ་བ་ཡང་དག་བླངས་པ་དང་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུས་པ་དེ་ཡིན། ཨའོ་མོན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ཞི་ཀྲུའུ་ཞིའི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་སྐབས་ལྔ་པའི་སྲིད་འཛིན་དཔོན་སྐུ་ཞབས་ཧོ་དབྱི་ཁྲེང་གིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་རྒྱ་ཆེའི་ཨའོ་མོན་གྱི་གྲོང་མི་སྣེ་ཁྲིད་དེ། མུ་མཐུད་དང་། ཕྱོགས་ཡོངས། གནད་འཁེལ་བཅས་ཀྱི་སྒོ་ནས་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རླབས་ཆེན་བྱ་གཞག་མུ་མཐུད་མདུན་སྐྱོད་བྱ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་ཐུབ་ངེས་ལ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"