མི་དམངས་དྲ་བ།

༄༅།།དབང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་གཅིག་པ་གཙོ་
སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་19ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་གཅིག་པ་པེ་ཅིང་དུ་འཚོགས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་འབྲེལ་ཡོད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     དབང་དབྱང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དེ་ནི་ཉམས་མྱོང་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་འགན་གསལ་བཟོ། འབད་འབུངས་སྟོབས་བརྩོན་བཅས་ཀྱི་ཚོགས་འདུ་གལ་ཆེན་ཞིག་རེད། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ལས་ཀའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིཌ་ནས་གྲོས་མོལ་སྲིད་གྲོས་དང་། གཟིགས་ཞིབ། རྟོག་ཞིབ། བརྟག་ཞིབ་བཅས་ཀྱི་བྱེད་སྒོ་ནན་ཏན་ངང་སྤེལ་ཏེ་ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་རྒྱུའི་ཕྱོགས་གཉིས་ཐད་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཐུགས་གྲ་ལེགས་འགྲིག་ཡོང་བར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
     དབང་དབྱང་གིས་2020ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན་པས་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། ཀྲུའུ་ཞིའི་ཚོགས་འདུ་འདི་ཉིད་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི“བཀོད་འདོམས་པུའུ”ཞིག་ཡིན་པའི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ལས་ཀའི་མཛུབ་ཁྲིད། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ངོས་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གོང་བུ་གཅིག་ཏུ་འགྲིལ་བ། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་དོན་སྙན་ཞུ་གསན་པ་རེད། དབང་དབྱང་གིས་ཀྲུའུ་ཞིའི་ཚོགས་འདུའི་ལས་ཀའི་འགན་ནུས་སྒྲུབ་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་གི་ངོས་ནས་འདི་ལོ་ཤར་ཚུན་ཀྲུའུ་ཞིའི་ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུའི་ལས་དོན་སྙན་སེང་ཁག་སོ་སོར་གསན་པ་རེད། ལག་ལེན་ལས་བཀོད་སྒྲིག་དེར་ནུས་པ་ཏན་ཏིག་ལྡན་པ་དེས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་ར་འཕྲོད་བྱུང་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་ཀའི་སྤུས་ཚད་གོང་མཐོར་བཏང་ནས་གྲུབ་འབྲས་གསར་པ་བཏོད་པ་དང་ཡར་རྒྱས་གསར་པ་ཡོང་བའི་བརྩོན་ལེན་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་གཅིག་ལྕོགས་ཤ་པའོ་ལུང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོཌ་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

  
style="display:none;"