མི་དམངས་དྲ་བ།

༄༅༎རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་དེ་མཚོ་དམག་ལ་རྩིས་སྤྲད་པ། ཞི་ཅིན་ཕིང་
རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་18ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་དེ་མཚོ་དམག་ལ་རྩིས་སྤྲད་པ། ཞི་ཅིན་ཕིང་
རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོར་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་ཧྲན་ཏུང་དམག་གྲུ་ཚེས་17ཉིན་གྱི་ཕྱི་དྲོར་ཧའེ་ནན་སན་ཡའི་དམག་གི་གྲུ་ཁ་ག་གེ་མོར་མཚོ་དམག་ལ་རྩིས་སྤྲད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོར་ཞུགས་པ་རེད། 
     ལྷོ་མཚོའི་འགྲམ་གྱི་སན་ཡ་རུ། གནམ་དང་མཚོའི་ཁ་དོག་གཅིག་ཏུ་འདྲེས་ལ། ཉི་འོད་དྲོ་ཞིང་བསིལ་རླུང་འཇམ། དམག་གི་གྲུ་ཁ་རུ། ཧྲན་ཏུང་དམག་གྲུ་རྦ་རླབས་ཀྱི་ཁྲོད་དུ་འཇམ་ཐིང་ངེར་གནས་ལ་རྒྱལ་དར་དང་དམག་དར་མཐོན་པོར་བསྒྲེངས། མཚོ་དམག་གི་དཔུང་སྡེ་དང་གནམ་གྲུ་འབབ་སའི་གྲུ་གཟིངས་འཛུགས་སྐྲུན་ཚན་པའི་འཐུས་མི་5000ཙམ་གྲུ་ཁར་གྲལ་བསྟར་བསྒྲིགས་ལ། རྣམ་པ་གཟབ་རྒྱས་དང་འཁྲུག་ཆ་དོད་པོ་ཡོད། 
     ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོ་འགོ་ཚུགས་ལ། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་པ་རེད། གཟབ་སྦྲེང་གུས་དམག་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་སྲུང་བཞིན་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་སོ་སོར་ཧྲན་ཏུང་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ལ་གནང་བ་རེད། ཧྲན་ཏུང་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས་ཞི་ཅིན་ཕིང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་འདོགས་ལག་ཁྱེར་བླངས་ཤིང་། ཞི་ཅིན་ཕིང་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད། རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་བསྒྲིལ་བ་རེད། 
     དེ་རྗེས་ཞི་ཅིན་ཕིང་ཧྲན་ཏུང་དམག་གྲུར་ཕེབས་ནས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་དང་དམག་གྲུའི་གནམ་གྲུའི་འཕུར་སྐྱོད་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་ཁ་ལོ་སྒྱུར་ཁང་དུ་ཕེབས་ནས་དཔོན་དམག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། མཚོ་འགྲུལ་ཉིན་ཐོའི་ཐོག་ཏུ་གཟབ་ནན་སྒོས་མིང་རྟགས་བཀོད་གནང་བ་རེད།
     ཞི་ཅིན་ཕིང་གིས་གྲུ་ཁར་གནམ་གྲུ་འབབ་སའི་གྲུ་གཟིངས་དཔུང་སྡེའི་དཔོན་དམག་གི་འཐུས་མི་དང་གནམ་གྲུ་འབབ་སའི་གྲུ་གཟིངས་འཛུགས་སྐྲུན་ཚན་པའི་འཐུས་མིར་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ཁོང་ཚོར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ལྕག་སྐུལ་གནང་བ་རེད།
     ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་བཅས་དང་དེ་བཞིན་ལི་ཙུའོ་ཁྲེང་མཛད་སྒོར་ཞུགས་པ་རེད། ཀྲང་ཡིའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་ནས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པ་དང་། དམག་གྲུའི་མིང་དང་གྲུ་རྟགས་ཁྱབ་བསྒྲགས་བྱས་པ་རེད།
     ཀྲུང་གོ་གྲུ་གཟིངས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའེ་ཧྥན་ཕེ་དང་མཚོ་དམག་སི་ལིང་ཡོན་ཧྲེན་ཅིན་ལུང་གིས་མཛད་སྒོའི་ཐོག་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། 
     ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་དེར“ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ཧྲན་ཏུང་དམག་གྲུ”ཞེས་མིང་བཏགས་པ་དང་། གྲུ་རྟགས་ནི“17”རེད། 
     ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ལྷོ་རྒྱུད་འཐབ་ཁུལ། མཚོ་དམག ཧའེ་ནན་ཞིང་ཆེན་བཅས་དང་དེ་བཞིན་གནམ་གྲུ་འབབ་སའི་གྲུ་གཟིངས་འཛུགས་སྐྲུན་ཚན་པའི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས་ཡོད་པ་རེད།

【1】  【2】

༄༅༎རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་དེ་མཚོ་དམག་ལ་རྩིས་སྤྲད་པ། ཞི་ཅིན་ཕིང་
རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོར་ཞུགས་པ།

  
style="display:none;"