མི་དམངས་དྲ་བ།

༄༅།།དབང་དབྱང་གིས་སི་ཁྲོན་ལེའང་ཧྲན་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་16ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་དུས་བསྟུན་མདུན་སྐྱོད་ཀྱིས་གཙོ་གནད་ས་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་ལ་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱས་ཏེ། དམག་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་པོ་སེལ་བའི་དམག་འཐབ་ཡག་པོ་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་བུ་བསྐྲུན་པའི་ཐད་མི་རིགས་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ལེའང་ཧྲན་ཀྲོའུ་ནི་དབུལ་སྒྲོལ་གྱི་ལས་འགན་ལྕི་ཤོས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་གྲས་ཤིག་ཡིན་པ་དང་རྒྱལ་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ཚེས་12ནས་14ཉིན་བར་དབང་དབྱང་ཀྲའོ་ཅུའེ་རྫོང་དང་ཅིན་དབྱང་རྫོང་དུ་ཕེབས་ནས་གྲོང་སྡེ་དང་། སློབ་གྲྭ འཕྲོད་བསྟེན་ཁང་། ཐོན་ལས་གླིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས། འཛུགས་སྐྲུན་ཁུལ་བཅས་སུ་ཕེབས་ནས་དུད་ཚང་དབུལ་པོ་དང་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཤིས་ཁྲང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྟག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཐད་ཀྱི་གནས་ཚུལ་སྙན་ཞུའང་གསན་པ་རེད། དབང་དབྱང་གིས་སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་མི་རིགས་ས་ཁུལ་ལ་བྱུང་བའི་འགྱུར་ལྡོག་ཆེན་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་འགག་རྩའི་དུས་མཚམས་སུ་སླེབས་པས་ས་གནས་ཁག་གིས་གཙོ་གནད་ས་ཁུལ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་དམག་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་བའི་མཁར་རྫོང་ལ་འགག་སྒྲོལ་དཀའ་སེལ་བྱེད་དགོས། ལས་ཀའི་དཀའ་གནད་ཆེ་བའི་རྫོང་དང་གྲོང་ཚོར་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱེད་པ་དང་། ལྟ་སྐུལ་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་བཏང་སྟེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་དང་། གཞི་རྩའི་སྨན་བཅོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྡོད་ཁང་གི་བདེ་འཇགས། འཐུང་ཆུའི་བདེ་འཇགས་སོགས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། དམག་ཤུགས་སྐོང་འཐེན་དང་། ཐོན་ཁུངས་བསྡུ་སྒྲིལ། འཐབ་རྩལ་གཏན་འཁེལ་བཅས་དེ་བས་ལེགས་པའི་སྒོ་ནས་བྱས་ཏེ་དབུལ་པོ་སེལ་བའི་དམག་འཐབ་གོ་རིམ་ལྡན་ལ་ཕན་འབྲས་ལྡན་པའི་ངང་ཡག་པོ་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་དུས་མཚམས་ནང་གི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་འབོར་དབུལ་པོ་མང་ཆེ་བ་དབུལ་སྒྲོལ་ཡོང་བར་བྱེད་པའི་ཆ་རྐྱེན་འོག་དབུལ་པོ་རང་ལོག་གི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་སྔོན་གཏོང་དང་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་དུས་ཚོད་དམ་འཛིན་བྱས་ནས་བཟོས་ཏེ་མི་འབོར་དབུལ་པོ་དང་དབུལ་སྒྲོལ་བྱུང་བའི་མི་འབོར་ལ་སྒུལ་རྣམ་དོ་དམ་བྱས་ཏེ་དབུལ་པོ་རང་ལོག་ཏུ་གྱུར་བའི་མི་འབོར་དང་གསར་ཐོན་མི་འབོར་དབུལ་པོར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དུས་ཐོག་ཏུ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
     དབང་དབྱང་གིས་མང་ཚོགས་དབུལ་པོ་ནི་དབུལ་སྒྲོལ་འགག་སྒྲོལ་བྱ་ཡུལ་ཞིག་ཡིན་པ་མ་ཟད་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་པོའང་དེ་བས་ཡིན། ད་ལྟ་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱེད་པ་ཡིན་ནའང་འདྲ་ཡང་ན་འབྱུང་འགྱུར་བལྟོས་བཅས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ་ཡིན་ནའང་འདྲ་གང་ལྟར་མཐར་གཏུག་ནས་བརྗོད་ན་ཚང་མ་མང་ཚོགས་རང་ངོས་ཀྱི་འབད་འཐབ་ལ་བརྟེན་ནས་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་དེ་རེད། དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་གྱི་ཡང་དག་སྟོན་ཕྱོགས་བཙུགས་ཏེ་མང་ཚོགས་དབུལ་པོས་རང་གི་ལག་གཉིས་ལ་བརྟེན་ནས་དབུལ་ཞྭ་འཕུད་པ་དང་དབུལ་རྩ་དྲུངས་ནས་འབྱིན་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་གོམས་སྲོལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱིས་ལུགས་རྙིང་སྲོལ་ངན་དོར་རྒྱུར་ཁྲིད་སྟོན་བྱས་ཏེ་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བའི་ནང་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"