མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་ གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ། ཞི་ཅིན་ཕིང་གིས་
བཀའ་རྒྱའི་ལག་ཁྱེར་གནང་བ་དང་འབྲེལ་གོ་རྟགས་འཕར་བའི་དམག་དཔོན་ལ་རྟེན་འབྲེལ་ཡང་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་14ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ཚོར་བཀའ་རྒྱའི་ལག་ཁྱེར་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་50ཐོག་གོ་རྟགས་སྤོར་བའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤོར་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ནི། ཤར་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧོ་ཝེ་ཏུང་དང་། ཤར་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཧོ་ཕིང་། ལྷོ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཅན་ཝུའུ། བྱང་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ལི་ཆའོ་མིང་། མེ་ཤུགས་འཕུར་མདའི་དམག་དཔུང་གི་སི་ལིང་ཡོན་ཀྲོའུ་ཡ་ཉིང་། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་ལི་ཧྥུང་པེའོ། དམག་དོན་ཚན་རིག་ཁང་གི་ཡོན་ཀྲང་དབྱང་ཞུའེ་ཅུན་བཅས་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་བདུན་གྱིས་དམག་ཆས་ལེགས་པར་གྱོན་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་རྒྱའི་ལག་ཁྱེར་གནང་བ་དང་འབྲེལ་བྱམས་བརྩེའི་ངང་ཕྱག་བཏང་གནང་སྟེ་རྟེན་འབྲེལ་ཞུས་པ་རེད། ཕྲག་ཏུ་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་དམག་དཔོན་བདུན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་དེ་རྗེས་མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་གུས་འདུད་ཞུ་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     གོ་རྟགས་སྤོར་བའི་མཛད་སྒོ་སྐད་གསང་མཐོ་བའི་དམག་གླུའི་སྒྲའི་ཁྲོད་མཇུག་སྒྲིལ་ཞིང་། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ཚོ་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་རེད།
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགོ་ཁྲིད་དང་པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེ་གྲས་ཀྱི་འཐབ་ཁུལ་གོ་གནས་གཞོན་པ་ཡན་གྱི་འགོ་ཁྲིད་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"