མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་ཀྱི་གནས་ཚུལ་སྙན་སེང་གསན་ཏེ་འབྲེལ་ཡོད་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཁྲལ་འཇལ་མཁན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འཁེལ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཚོས་ནད་ལྟ་བ་དང་བསྟེན་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་བཀོད་སྒྲིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་ཁྲལ་བསྡུའི་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་འཆམ་བཅས་གནང་བ་རེད།
     ཚོགས་འདུའི་ཐོག་ཕྱོགས་བསྡུས་དང་རིགས་དབྱེ་ཟུང་འབྲེལ་གྱི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་བཙུགས་ནས་སློབ་གསོ་དང་རྒན་གསོ་སོགས་ཀྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་བྱ་ཐབས་སྤྱོད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་ཁྲལ་དོན་ལམ་ལུགས་སྒྱུར་བཅོས་གལ་ཆེན་ཞིག་དང་། ཁྲལ་རིན་གཉིས་གཅོག་གི་བྱ་ཐབས་གལ་ཆེན་ཞིག་རེད། ན་ནིང་ཟླ་10པ་ནས་བཟུང་ལག་ལེན་བསྟར་ཚུན་དུ། སྒྱུར་བཅོས་ཀྱི་ཕན་འབྲས་རིམ་བཞིན་ཐོན་འགོ་ཚུགས་ནས་འདི་ལོའི་ཟླ་9པར་རིམ་རྩིས་ལྟར་ན། དཔྱ་ཁྲལ་སྒོར་དུང་ཕྱུར་4400ལྷག་ཙམ་བཅག་པ་དེས་ཁྲལ་འཇལ་མཁན་དུང་ཕྱུར་2.5ལ་ཕན་པ་ཐོབ་སྟེ་ཡོང་འབབ་བགོ་བཤའ་རྒྱག་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། གོམ་སྟབས་རྗེས་མར། ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་སྒེར་གྱི་ཐོབ་ཁྲལ་ལོ་འཁོར་བསྡོམས་རྩིས་གཙང་འཇལ་གྱི་ལམ་ལུགས་བཙུགས་ནས་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་སྲིད་ཇུས་དེ་བས་དོན་འཁྱོལ་ཡག་པོ་ཡོང་བ་དང་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲལ་བསྡུའི་ལམ་ལུགས་རྒྱུན་མཐུད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། ཚོགས་འདུའི་ཐོག་ཁྲལ་འཇལ་མཁན་དང་ལྷག་དོན་དུ་ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། ལོ་གཉིས་ནང་ཕྱོགས་བསྡུས་ལོའི་ཡོང་འབབ་སྒོར་ཁྲི་12་ལས་མི་བརྒལ་བའམ་ཡང་ན་ལོ་འཁོར་གྱི་ཁྲལ་གསབ་དངུལ་གྲངས་ཅུང་དམའ་བའི་ཁྲལ་འཇལ་མཁན་གྱིས་བསྡོམས་རྩིས་གཙང་འཇལ་གྱི་འོས་འགན་འཁུར་མི་དགོས་པའི་གནས་སྐབས་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོལ་སྤྱོད་གོ་རིམ་སྟབས་བདེ་བཟོ་བ། ཁྲལ་གཉེར་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲལ་འཇལ་མཁན་གྱིས་ཁྲིམས་བཞིན་ཁྲལ་འཇལ་རྒྱུར་སྟབས་བདེ་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དེས“གོང་སྤར”སྨན་རིན་དམའ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ལས་དོན་དེར་སྔར་བས་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་སྨན་རྫས་རིགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། དེ་སྔའི་སྨན་རྫས་ཞིབ་འཇུག་དང་འདྲ་བཟོའི་རིན་གོང་གི་ཧེ་བག་ཅུང་ཆེ་བའི་སྨན་རིགས་དང་དེ་བཞིན་འདྲ་བཟོའི་སྨན་རྫས་ཀྱི་སྤུས་ཚད་དང་སྨན་བཅོས་ནུས་པ་གཅིག་མཐུན་རང་བཞིན་ལ་གདེང་འཇོག་གི་གཞི་རྩའི་སྨན་རྫས་སོགས་གཅིག་སྡུད་ཉོ་སྒྲུབ་ནང་སྔོན་ལ་བཅུག་ནས་ཚད་གཞི་ཡོད་པའི་ངང་ཉོས་ནས་སྨན་རིན་དམའ་རུ་ཏན་ཏིག་གཏོང་དགོས། གཉིས་ནས་གཅིག་སྡུད་ཉོ་སྒྲུབ་ཀྱི་སྨན་རྫས་མཁོ་སྤྲོད་བརྟན་པོ་དང་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས། གསུམ་ནས་རྒྱལ་ཁབ་ཀྱི་སྨན་སྤྱོད་དོ་དམ་བྱ་ཐབས་བཟོ་བ་དང་ལག་ལེན་བསྟར་དགོས། བཞི་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱ་ཐབས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

  
style="display:none;"