མི་དམངས་དྲ་བ།

༄༅༎དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》ཁུ་པར་སྟོན་པའི་མཛད་སྒོ་
གྲུབ་འབྲས་ཐོབ་པའི་ངང་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྭ་ཝ་ན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། ཁུ་པ་རླུང་འཕྲིན་བརྙན་འཕྲིན་ཨུ་ལྷན། ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》ཁུ་པར་སྟོན་པའི་མཛད་སྒོ་དང“ཀྲུང་གོར་ལྟ་ཉན་བྱེད·ཁུ་པར་སྐྱོད་པ”ཞེས་པའི་བྱེད་སྒོ་ཁུ་པའི་གྲོང་ཁྱེར་ཧྭ་ཝ་ན་རུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།
     ད་ཐེངས་ཀྱི་བྱེད་སྒོའི་ཐོག་ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཁུ་པ་རླུང་འཕྲིན་བརྙན་འཕྲིན་ཨུ་ལྷན་དབར《རླུང་འཕྲིན་བརྙན་འཕྲིན་གྱི་མཉམ་ལས་གྲོས་མཐུན》བཞག་ནས་ཁུ་པ་རླུང་འཕྲིན་བརྙན་འཕྲིན་ཨུ་ལྷན་ལ་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》དང《གསར་གཏོད་ཀྱི་ཀྲུང་གོ》སོགས་ཀྲུང་གོའི་ཕུལ་བྱུང་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་བསྟན་ཡོད་ལ། ཀྲུང་གོས་བཟོས་པའི་མི་མེད་གནམ་གྲུའི་པར་ཆས་སོགས་ཀྱི་སྒྲིག་ཆས་ཀྱང་སྤྲད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚོགས་ཞུགས་སྐུ་མགྲོན་ཚོས་སི་ཕེན་སྐད་ལ་བསྒྱུར་བའི་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》ཞེས་པ་མཉམ་དུ་བལྟས་པ་རེད།
     “ཀྲུང་གོར་ལྟ་ཉན་བྱེད”ཅེས་པའི་བྱེད་སྒོ་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཇུས་འགོད་དང་ལག་བསྟར་བྱས་པའི་སྤྱི་པའི་ཕྱི་འབྲེལ་བརྒྱུད་གཏོང་བྱེད་སྒོ་ཞིག་ཡིན་པ་དང་། ཕུལ་བྱུང་གི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་བདམས་ནས་ཕྱིའི་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག་སྟོན་པ་དང་འབྲེལ་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་སྒོ་ལྷན་དུ་སྤེལ་ཡོད། “ཀྲུང་གོར་ལྟ་ཉན་བྱེད·ཁུ་པར་སྐྱོད་པ”ཞེས་པ་ནི་རིམ་སྤེལ་བྱེད་སྒོ་དེ་ལ་ཏིང་མེ་གླིང་ས་ཁུལ་དུ་སྤེལ་བའི་ས་ཚིགས་དང་པོ་ཡིན། རིམ་སྤེལ་བྱེད་སྒོ་དེ་ད་དུང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་ལ་རིམ་བཞིན་སྤེལ་རྒྱུ་ཡིན་པ་དང་བརྩམས་ཆོས་ལ་ལྟ་ཉན་བྱས་པ་བརྒྱུད་ལ་ཏིང་མེ་གླིང་གི་དམངས་ཚོགས་ལ་དངོས་འབྲེལ་དང་ཕྱོགས་ཡོངས་ཀྱི་ཀྲུང་གོ་ཞིག་ངོ་སྤྲོད་བྱ་རྒྱུ་རེད།

  
style="display:none;"