མི་དམངས་དྲ་བ།

༄༅༎ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས《དམག་དཔུང་གི་
ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་19ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱིས《དམག་དཔུང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
     《བསམ་འཆར》ནང་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་བླང་བྱ་ལག་བསྟར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པའི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བ་དང་གཏན་འཁེལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཆབ་སྲིད་ནུས་པའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཁ་ཕྱོགས་སྟངས་འཛིན་དང་། དུས་བབ་ཆེན་པོ་སྟངས་འཛིན། སྤྱི་ཡོངས་སྟངས་འཛིན་བཅས་ཀྱི་ནུས་པ་དང་དེ་བཞིན་ཆབ་སྲིད་ཀྱི་ཡིན་མིན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་དུས་བབ་ཀྱི་ཁ་ལོ་སྒྱུར་བ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ། ཏང་ཨུད་ཀྱིས་དམག་གྲབས་དམག་རྒྱག་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱུན་ཆགས་སྐྱོན་ཆ་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་དམག་རྒྱག་གི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ་བཅས་བཏོན་ཡོད།
     《བསམ་འཆར》ནང་ཆབ་སྲིད་ཀྱི་ཁོར་ཡུག་དྭངས་གཙང་དང་ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་ཀུའོ་པོ་ཞུང་དང་། ཞུས་ཚའེ་ཧའུ། ཧྥང་ཧྥུང་ཧུའེ། ཀྲང་དབྱང་བཅས་ཀྱི་དུག་རྒྱུན་གྱི་ཤུགས་རྐྱེན་ངན་པ་ཕྱོགས་ཡོངས་ནས་གཙང་སེལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དམག་ཨུད་ཀྱི་གཏན་འབེབས་དོན་ཚན་བཅུ་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་བཅས་དོན་འཁྱོལ་ནན་པོ་བྱས་ནས། ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”གཏིང་ཟབ་སྤྱད་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། འགན་འཁྲིའི་ལམ་ལུགས་ཀྱི་འགག་གནད་དམ་འཛིན་བྱས་ཏེ། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།
     《བསམ་འཆར》ནང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་སྟོབས་ཆེར་གཏོང་བ་དང་རྒྱུན་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པ། དམག་དཔུང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཕན་འབྲས་ཏན་ཏིག་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་བཅས་བྱས་ནས་རང་རེའི་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  
style="display:none;"