མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕུགས་རེའི་འདུ་འགོད་ལ་མངགས་བཅོལ་གནང་ནས་ཕུགས་རེའི་འདུ་འགོད་ཀྱི་བྱ་གཞག་
དེ་བས་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་
ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་བ་བྱེད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ཕུགས་རེའི་འདུ་འགོད་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ཞིང་། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕུགས་རེའི་འདུ་འགོད་ལ་མངགས་བཅོལ་གནང་ཞིང་། ཁོང་གིས་ཏང་གི་འགོ་ཁྲིད་འོག་ཕུགས་རེའི་འདུ་འགོད་ལག་བསྟར་བྱས་ནས་ལོ་30སོང་རིང་། སློབ་རོགས་མ་དངུལ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུར་དམིགས་པ་དང་། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་གྱི་སྲོལ་རྒྱུན་ལ་རྩ་བ་ཚུགས་པ། སྤྱི་ཚོགས་སྐུལ་སློང་གི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་གཅེས་སེམས་དང་། ཕན་ཚུན་རོགས་རམ། བརྒྱུད་སྤྲོད་བཅས་ཀྱི་སྦྲེལ་ཟམ་བཙུགས་ནས་ཁྱིམ་ཚང་དབུལ་པོའི་གཞོན་ནུ་ལོ་ཆུང་མང་པོ་སློབ་གྲྭར་སྐྱོད་པའི་ཕུགས་འདུན་བསྒྲུབ་པ་དང་མེས་རྒྱལ་འཛུགས་སྐྲུན་གྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་མཁན་གྱི་རྐང་འཛིན་མི་སྣར་འགྱུར་རྒྱུར་རོགས་རམ་བྱས་ཡོད། ཕུགས་རེའི་འདུ་འགོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་རྒྱུར་ཞབས་འདེགས་ཞུ་བ། སྤྱི་ཚོགས་དར་སྲོལ་ལ་སྣེ་ཁྲིད་སོགས་ལ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་ནི། རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། དུས་རབས་གསར་པར་བསྐྱོད་རྗེས། གུང་གཞོན་སྡེ་ཚོགས་ཀྱིས་ཕུགས་རེའི་འདུ་འགོད་ཀྱི་བྱ་གཞག་དེ་བས་ཡག་པོ་གཉེར་ནས། གཞོན་ནུ་ལོ་ཆུང་ཚོར་རོགས་རམ་གསར་པ་མཁོ་འདོན་དང་རེ་བའི་ས་བོན་གསར་པ་ཧུར་ཐག་འདེབས་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཕུགས་རེའི་འདུ་འགོད་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་བ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་འཚར་ལོངས་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཕུགས་རེའི་འདུ་འགོད་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་1989ལོར་སྤེལ་ནས་ལག་བསྟར་བྱས་པ་ཞིག་ཡིན་ཞིང་། དེ་ནི་ས་ཁུལ་དབུལ་པོའི་རྨང་གཞིའི་སློབ་གསོའི་སྒྲིག་ཆས་ལེགས་སུ་གཏོང་བ་དང་། ས་ཁུལ་དབུལ་པོའི་སློབ་ཤོར་ལོ་ཆུང་བྱིས་པ་སླར་ཡང་སློབ་གྲྭར་ཕྱིར་ལོག་བྱ་རྒྱུར་རོགས་རམ་བྱ་རྒྱུ་འོས་འགན་དུ་བྱེད་པའི་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ཅིག་རེད། 2019ལོའི་ཟླ་དགུ་པ་བར། རྒྱལ་ཡོངས་ཀྱི་ཕུགས་རེའི་འདུ་འགོད་ཀྱིས་རིམ་རྩིས་བྱས་ན། ཞལ་འདེབས་དངུལ་སྒོར་དུང་ཕྱུར་152.29དང་ལེན་བྱས་ནས་དཔལ་འབྱོར་འཁོས་ཀ་ཞན་པའི་ཁྱིམ་ཚང་གི་སློབ་མ་ཁྲི་599.42ལ་རོགས་རམ་བྱས་པ་དང་ཕུགས་རེའི་འདུ་འགོད་ཀྱི་སློབ་ཆུང་20195རོགས་སྐྲུན་བྱས་པ་རེད།

  
style="display:none;"