མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་འབྲེལ་བ་སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཀྲུང་ཨུའི་ས་གནས་མཉམ་ལས་སྤེལ་རེས་ལོ་བདེ་བླག་ངང་མཇུག་འགྲིལ་གྲབས་ཡོད་པ་དང་ལྷག་པར་དུ་ང་དང་ཁྱེད་རང་མཉམ་དུ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་དང་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པའི་ཐོག་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དུས་རབས་གསར་པར་བྱེད་ཐབས་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས་པས་ཕྱོགས་གཉིས་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་སྤྱིའི་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་དགོས་མཁོ་གཞིར་བཟུང་། གསར་འབྱེད་གསར་གཏོད་ཀྱིས་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་བའི་ཐད་དགེ་མཚན་ལྡན་པ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་གཏོད་པ་དང་ས་ཁུལ་དང་དེ་བཞིན་འཛམ་གླིང་ལ་ཕན་པ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྣམ་པ་རྒྱུན་མཐུད་ངང་ཐོན་པ་དང་བརྟན་ལྷིང་མ་ཡིན་པ་དང་གཏན་འཁེལ་མ་ཡིན་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད། ཀྲུང་ཨུས་འཐབ་ཇུས་རོགས་ལས་དམ་ཟབ་བྱས་ཏེ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱས་ནས་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་རྒྱལ་ཁབ་གཞན་གྱི་གནད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ་རང་ངོས་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱས་ནས་ཐུན་མོང་ཐོག་དྲང་གཞག་དྲང་བདེན་གྱི་རྒྱལ་སྤྱིའི་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

  
style="display:none;"