མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་
གསར་སྤེལ་དངུལ་ཁང་གསར་པ་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པ་སྐད་ཆ་ཤོད་རེས་བྱེད་པའི་ཚོགས་འདུ་པ་ཞི་ལི་ཡར་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་བཅས་ཞུགས་པ་རེད།
     རྒྱལ་ཁབ་ལྔའི་འགོ་ཁྲིད་པས་འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་འཐུས་མིའི་ལས་དོན་སྙན་སེང་གསན་པ་དང་འབྲེལ། བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིས་ཕུལ་བའི་ལོ་འཁོར་གྱི་ལས་དོན་སྙན་ཞུ་དང་ལེན་གནང་བ་དང་ཁག་སོ་སོས་གཏམ་བཤད་སྤེལ་བ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། སྒྲིག་གཞི་གཉིས་ཀྱིས་གསར་འབྱེད་ཡར་བརྩོན་གྱི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་འབོ་གསེར་རྒྱལ་ཁབ་དང་རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས། གསར་གཏོད་དང་གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་བྱས་ཏེ་རྩེར་སོན་གྱི་རྣམ་གྲངས་དེ་བས་མང་པོ་གཏོད་དགོས་པ་དང་། འབོ་གསེར་རྒྱལ་ཁབ་ཕྱི་ནང་མཉམ་ལས་ལམ་སྲོལ་གྱི་མཉམ་ལས་ཕན་འབྲས་ཆེར་གཏོང་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་སྡེ་ཚན་ལ་མུ་མཐུད་ཐབས་དང་ཇུས་བཏོན་ནས་རྒྱལ་ཁབ་ཁག་གི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་རོགས་བྱེད་དགོས། དཔལ་འབྱོར་གྱི་ཕན་འབྲས་ལ་སྣང་ཆེན་བྱེད་པ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཡང་འཁུར་ནས་དམངས་འཚོའི་བདེ་རྩར་བསམ་བློ་གཏོང་དགོས། སྤུས་ཚད་མཐོ་བ་དང་། རྒྱུན་མཐུད་ཐུབ་པ། བསྟུན་མཁས་ཁྱབ་གདལ་གཏོང་ཆོག་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་གསར་སྤེལ་དང་ཁྱབ་གདལ་གཏོང་དགོས། ནང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཐོག་སྲིད་ཇུས་ཀྱི་ཆུ་ཚད་མཐོ་རུ་དང་ཞིབ་འཇུག་ནུས་པ་ཆེ་རུ་བཏང་ནས་གསར་སྤེལ་དངུལ་ཁང་གསར་པའི་ལས་མི་མང་དུ་གཏོང་བའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"