འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་17ལ་མུ་མཐུད་དུ་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་བསྒྲགས་ཡོད་དེ། བྱང་རྒྱུད་ཀྱི་མཁའ་རླུང་གྲང་མོས་ལྷོ་རྒྱུད་ལ་ཤུགས་རྐྱེན་ཐེབས་ནས། སྔོན་དཔག་བྱས་ན། ཟླ་8ཚེས་1ཉིན་གྱི་ཆུ་ཚོད་20ནས་ཟླ་8ཚེས་2ཉིན་གྱི་ཆུ་ཚོད་20ཡི་བར། གཞིས་རྩེའི་དབུས་ཤར་རྒྱུད་དང་། ལྷ་ས་དང་ཉིང་ཁྲིར་ཆར་པ་འབྲིང་ཙམ་ནས་ཆེ་བའི་བར(ཧའོ་སྨི་15ནས་35བར་)འབབ་པ་དང་། ནག་ཆུའི་ནུབ་རྒྱུད་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་བྱང་རྒྱུད་ལ་ཆར་པ་འབྲིང་ཙམ་འབབ་རྒྱུ། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད། གོང་དུ་བརྗོད་པའི་ས་ཆ་དག་ལ་ཆར་པའི་ཞོར་ལ་སེར་བ་དང་རླུང་ཆེན་ཡང་འཚུབ་རྒྱུ་ཡིན།
            གནམ་གཤིས་ལས་ཁུངས་ཀྱིས། དྲག་ཆར་གྱིས་ཆུ་ལོག་དང་། འདམ་དང་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་འབྱུང་སླ་བས། སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་བོ་འབྲིང་ཆུང་དང་གྲོང་ཁྱེར་གྱི་འབྲུབ་ཆུ་འགོག་པའི་ལས་དོན་ལེགས་པོར་བསྒྲུབ་དགོས་པ། གློག་འཁྱུག་པ་དང་ཐོག་རྒྱག་པ། སེར་བ་འབབ་པ་སོགས་གཏད་རྒྱུག་ཆེ་བའི་གནམ་གཤིས་གནས་ཚུལ་བྱུང་སླ་བས་སྔོན་འགོག་ཡག་པོ་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད།
           གནམ་གཤིས་དཔྱད་ཡིག་ལས་མངོན་པར་གཞིགས་ན། མཁའ་རླུང་གྲང་མོས་ཤུགས་རྐྱེན་གྱིས་འདས་ཟིན་པའི་ཆུ་ཚོད་24རིང་ལ་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཚད་མི་འདྲ་བའི་ཆར་ཆུ་བབས་ཡོད་པ་དང་། ལྟ་ཞིབ་ཚད་འཇལ་ས་ཚིགས་17གྱི་ཆར་ཆུ་འབབ་ཚད་ཧའོ་སྨི་13.0ལས་བརྒལ་ཡོད། དེའི་ཁྲོད། སྟེང་ཆེན་དང་། རི་བོ་ཆེ། དཔལ་མགོན། འདམ་གཞུང་། ངམ་རིང་། ནག་ཆུ། མེ་ཏོག་བཅས་ས་ཚིགས་7གྱི་ཆར་ཆུ་འབབ་ཚད་ཧའོ་སྨི་20.3ནས་35.4བར་རེད།
      

    ཕྱོགས་བསྡུས་གསར་འགྱུར།