འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ལོ་ཧྲིལ་པོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་
    མི་ཐེངས་ཁྲི་14གསོ་སྦྱོང་བྱ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལོ་ཧྲིལ་པོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་147925གསོ་སྦྱོང་བྱ་རྩིས་ཡོད་པའི་ནང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་116150ཡོད་པ་རེད། ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་ངལ་རྩོལ་པ་དང་། ཁེ་ལས་ཀྱི་ཐོན་ནུས་གཅོག་པ་དང་ལས་སྒྱུར་བྱས་པའི་ལས་བཟོ། ཆེད་ལས་ཞིང་འབྲོག་པ་གསར་པ། ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་སོགས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་གཙོ་གནད་ཐོག་རོགས་རམ་བྱ་རྒྱུ་ཡིན་པ་རེད།
         ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《2018ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་འཆར་གཞི་ལག་བསྟར་ཇུས་གཞི་》བཏོན་ནས། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་འབྲོག་ཐིང་། ཞིང་ཆེན་དབུལ་སྐྱོར་ཅུས་བཅས་སྡེ་ཚན་ལྔས་ཤུགས་བསྒྲིལ་མཉམ་ལས་བྱས་ཐོག་འདི་ལོའི་གསོ་སྦྱོང་འཆར་གཞི་ལྟར་ས་ཁུལ་དབུལ་པོའི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་དང་། ཁེ་ལས་ཀྱི་ཐོན་ནུས་གཅོག་པ་དང་ལས་བཟོ་ལས་སྒྱུར་གྱི་རྩལ་ནུས་ཆེར་གཏོང་གསོ་སྦྱོང་། ཞིང་འབྲོག་ལག་རྩལ་གསོ་སྦྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་བཅས་བྱས་ནས་གསོ་སྦྱོང་ནང་ཞུགས་མཁན་ཚོའི་ལས་རིགས་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         འདི་ལོར་གཙོ་གནད་ཐོག་གཉེར་རྒྱུ་ཡིན་པའི་གསོ་སྦྱོང་རྣམ་གྲངས་10ནི། རྩལ་ནུས་དབུལ་སྒྲོལ་འགག་སྒྲོལ་བྱ་སྤྱོད་དང་། ཁེ་ལས་ཀྱི་ཐོན་ནུས་གཅོག་པ་དང་ལས་བཟོའི་ལས་སྒྱུར་རྩལ་ནུས་ཆེར་གཏོང་གསོ་སྦྱོང་། ཆེད་ལས་ཞིང་འབྲོག་པ་གསར་པ་གསོ་སྦྱོང་། ལས་ཞུགས་མ་ཐུབ་པའི་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་ཐོན་སློབ་མའི་ཆེད་དོན་ལས་ཞུགས་གསོ་སྦྱོང་། ལས་གཏོད་ནུས་པ་ཆེར་གཏོང་གསོ་སྦྱོང་། རབས་གསར་པའི་ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་ཆེར་གཏོང་གསོ་སྦྱོང་། བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་། གྲོང་མི་གསར་པ་གསོ་སྦྱོང་། བུད་མེད་ཁྱིམ་ལས་ཞབས་ཞུའི་ཆེད་དོན་གསོ་སྦྱོང་འདུ་འགོད་སོགས་ཡིན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།