འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཉེར་སྨན་ཁང་གིས་བདེ་ཐང་བོད་ལྗོངས་ཆེད་བཀྲག་མདངས་བསྣན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཕོ་བྲང་པོ་ཏ་ལའི་འདབས་ཀྱི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དུ་སོ་ལ་སྨན་བཅོས་བྱས་མ་ཐག་པའི་ཕུར་སྒྲོན་ངལ་གསོ་ཁང་དུ་བསྡད་དེ་ཇ་འཐུང་བཞིན“ཁ་སང་སྨན་པ་དང་དུས་ཆད་བྱས་པས་དེ་རིང་སླེབས་ཙམ་ནས་སྨན་བཅོས་ཐུབ་སོང་། དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད་ཁོར་ཡུག་ཀྱང་ཡག་པོ་འདུག”ཅེས་བཤད།
         བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ནི་བོད་ཀྱི་དམངས་གཉེར་སྨན་ཁང་དང་པོ་ཡིན་ལ། 2005ལོའི་ཟླ་བཞི་པ་ནས་བཟུང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ད་ཆ་བོད་ཀྱི་རིམ་པ་གསུམ་པའི་དམངས་གཉེར་ཕྱོགས་བསྡུས་སྨན་ཁང་དང་པོར་གྱུར་ཡོད། ཉིན་ཤས་གོང་། སྨན་ཁང་དེས་བོད་ཀྱི་སྒལ་ཚིགས་མཁར་ཁུང་གི་རྨ་ཕྲན་གཤགས་བཅོས་ཐེངས་དང་པོ་གྲུབ་འབྲས་ཐོབ་པའི་ངང་བྱས་ཤིང་། གཤགས་བཅོས་དེའི་རྨ་ཁ་ཧའོ་སྨི་དྲུག་བདུན་ལས་མེད་པས་རྨ་ཆུང་ཞིང་སོས་སླ། སྨན་ཁང་དེའི་འགན་འཁུར་བས། བོད་ཀྱི་ནད་པ་དེའི་རིགས་སླད་ཕྱིན་ནང་སར་གཤགས་བཅོས་བྱེད་དུ་འགྲོ་མི་དགོས་ཞེས་བཤད་པ་རེད།
         དགུན་ཁར་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཇེ་མང་དུ་འགྲོ་གི་ཡོད། རྒྱ་ཆེའི་མང་ཚོགས་ཀྱི་ཁྲག་ཤེད་མཐོ་བ་དང་ཁྲག་གར་པོ་སོགས་ཀྱི་ནད་གཞིའི་དུས་འགོའི་ངོས་འཛིན་དང་སྙིང་ཁམས་ཁྲག་རྩའི་བདེ་ཐང་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། ལྷ་ས་ཧེང་ཏ་སྨན་ཁང་གིས་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་སུ་དུས་ཡུན་ཉིན་གཉིས་ཀྱི“སྙིང་ཁམས་ཁྲག་རྩའི་ནད་གཞིའི་བདེ་ཐང་ཡོངས་བཤེར”འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་མ་ཟད། ཞིང་འབྲོག་མང་ཚོགས་ལ་བདེ་ཐང་དང་ཡ་རབས་ཀྱི་བཟའ་བཏུང་གོམས་གཤིས་འཇགས་རྒྱུར་སྣེ་ཁྲིད་བྱས་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚོགས་ལ་སྨན་ཁང་གཉེར་རྒྱུའི་སྐུལ་ལྕག་ཧུར་ཐག་བྱས་པ་དང་། ས་ཁུལ་མང་པོ་ཞིག་གིས་སྨན་ཁང་གཉེར་རྒྱུ་དེ་ས་གནས་དེ་གའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཆར་འགོད་སོགས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་2016ལོར“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་བ་ནས་བཟུང་། བོད་ཀྱི་དབུལ་སྐྱོར་གྱི་དོན་དངོས་དང་ཞུགས་མཁན་ཁེ་ལས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། “ཁེ་ལས་གཅིག་གིས་གྲོང་ཚོ་མང་པོར་རོགས་སྐྱོར་བྱེད་པ”དང་། “ཁེ་ལས་གཅིག་གིས་གྲོང་ཚོ་གཅིག་ལ་རོགས་སྐྱོར་བྱེད་པ” “ཁེ་ལས་མང་པོས་གྲོང་ཚོ་གཅིག་ལ་རོགས་སྐྱོར་བྱེད་པ”སོགས་བྱེད་ཐབས་སྣ་མང་སྤྱད་དེ། ཐོན་ལས་དབུལ་སྐྱོར་དང་། ཚོང་དོན་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། རིག་ནུས་དབུལ་སྐྱོར་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོ་དབུལ་སྒྲོལ་ལ་རོགས་སྐྱོར་ཧུར་ཐག་བྱས་པ་རེད།
         དམངས་གཉེར་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་མི་སྙོམས་པའི་གནས་ཚུལ་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལྟ་སྐུལ་དང་ཚད་ལྡན་དུ་གཏོང་བའི་འགན་འཁྲི་ནན་སྒྲུབ་བྱས་པ་རེད།
         བོད་ལྗོངས་འཕྲོད་བསྟེན་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་ལྷ་སར་ཁྱོན་དམངས་གཉེར་སྨན་ཁང་17ཡོད་པ་དེ་དག་གཞུང་བཙུགས་སྨན་ཁང་དང་བསྡུར་ན། ནད་སྡོད་ཉལ་ཁྲི་དང་སྨན་བཅོས་མི་གྲངས་སོགས་གང་གི་ཐད་ནས་ཀྱང་གཞུང་བཙུགས་སྨན་ཁང་ལས་ཞན་པས། དམངས་གཉེར་སྨན་ཁང་ཁག་གིས་རང་གི་ཁྲོམ་རའི་ངེས་གནས་གཏན་འཁེལ་བྱས་ནས་ལེགས་ཆ་འདོན་སྤེལ་གྱིས་རྒྱུན་ཆད་མེད་པར་རང་གཤིས་ཅན་དང་མཐོ་སྣེ་ཅན་དུ་འཕེལ་རྒྱས་བཏང་སྟེ། སྤུས་རྟགས་གཏོད་པ་དང་ཆབས་ཅིག་བདེ་ཐང་བོད་ལྗོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་མི་སེར་ལ་བདེ་སྐྱིད་སྐྲུན་དགོས།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།