འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་མིའི་བདེ་སྐྱིད་ཆེད་འབད་བརྩོན་ལྷོད་མེད་བྱས།

    —— བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་སྲི་ཆོས་ཀྱི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་རྗེས་འཐུས་མི་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་སྲི་ཆོས་ཕ་ཡུལ་དུ་ལོག་རྗེས་དེ་བས་བྲེལ་བ་ཆེ་བར་གྱུར་ཡོད། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་པའི་ངོས་ནས་ཁོང་གིས་གཟའ་འཁོར་རྟག་པར་ཉེ་འགྲམ་གྱི་ཤང་གྲོང་དུ་བསྐྱོད་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག དཀའ་སྤྱད་འབད་བརྩོན་གྱི་ལོ་རྒྱུས་ཀྱང་བརྗོད་ཀྱི་ཡོད།
         “རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པས་ང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་དགོས”བསམ་ཕོད་པ་དང་། བྱེད་ཕོད་པ། སློབ་སྦྱོང་བྱ་རྒྱུར་དགའ་བ་བཅས་ཀྱི“80རྗེས་སུ་སྐྱེས་པའི”ཉི་མ་སྲི་ཆོས་ཀྱིས་རང་ཉིད་ཕྱུག་པོ་ཆགས་པར་བློ་ཡིད་ཚིམས་ནས་མ་བསྡད་པར་ས་མཐོའི་གྲོང་གསེབ་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་ཐད་གཞོལ་ནས་ཡུལ་མི་སྤུན་ཟླ་ཚོ་འཁྲིད་དེ་མཉམ་དུ་དབུལ་སྒྲོལ་ཐུབ་པ་བྱས་པ་རེད།
         ལོ་བཅུ་ལྷག་ཙམ་ལ་སླེབས་སྐབས་ཉི་མ་སྲི་ཆོས་གྲོང་ཚོའི་ནང་གི་ན་མཉམ་ཚོ་དང་འདྲ་བར་ལུག་འཚོས་ནས་སྡོད་ཀྱི་ཡོད། རྒྱལ་ཁབ་ཀྱིས་བོད་འཕེལ་རྒྱས་ཐད་སྲིད་ཇུས་བཟང་པོ་བཏོན་ནས་ཕྱི་ཕྱོགས་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་གི་ཡོད་པ་དང་གཞུང་ལམ་ཡང་རྫོང་དང་གྲོང་ཚོའི་ནང་བསྐྲུན་པས་ཁོང་འཚོ་བ་དེ་འདྲ་བསྐྱལ་ནས་སྡོད་བཟོད་མི་བདེ་བར་ལོ་21ལ་སླེབས་སྐབས་ཁོང་གིས་ལུག་ཁྱུ་དང་ཁ་བྲལ་ཏེ་རྐང་འཁོར་བཟོ་བཅོས་བྱེད་པ་ནས་འགོ་བརྩམས་ཏེ་ལོ་འགའི་ནང་ལག་རྩལ་སྣ་ཁ་ཁ་ཤས་ཤེས་པ་བྱས་པ་མ་ཟད། ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། ཁོང་གིས་གནས་བབ་དེར་བློ་ཡིད་ཚིམས་ནས་མ་བསྡད་པར་རི་སྔོན་གྲོང་ཚོའི་ཨར་ལས་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་མི་ཚོའི་སྣེ་འཁྲིད་ནས་རྫོང་གི་ལས་གྲྭ་འགན་གཙང་བླངས་ཏེ་སྡོད་ཁང་དང་མཛོད་ཁང་རྒྱག་པ་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་ཟམ་པ་བཟོ་བ་བཅས་བྱས་པ་རེད། ཨར་ལས་རུ་ཁག་གི་རུ་མི་འཆི་མེད་རྣམ་རྒྱལ་གྱིས་སེམས་འགུལ་ཐེབས་པའི་ངང“དེ་སྔ་རང་ཉིད་ནག་ཆུ་སོགས་སུ་གླ་པ་བྱེད་པར་སྐྱོད་ཀྱི་ཡོད། ད་ཆ་ཨར་ལས་རུ་ཁག་ནས་ཟླ་རེར་ཡོང་འབབ་སྒོར་4000ནས་5000བར་ཡོང་གི་འདུག་པ་མ་ཟད། ད་དུང་རྒན་རྒོན་དང་བྱིས་པ་ཚོར་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་བཤད།
         2011ལོའི་ལོ་མཇུག་ཏུ་གྲོང་མི་ཚོས་ཁ་པར་བརྒྱབ་ནས་ཁོང་རི་སྔོན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱ་རྒྱུའི་རེ་བ་བཏོན་པས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཁས་བླངས།
         གྲོང་མི་ཚོས་གསར་འགོད་པར་ཉི་མ་སྲི་ཆོས་ཀྱིས་ཀྲུའུ་རེན་གྱི་འགན་ཁུར་རྗེས་ཚང་མའི་སྣེ་འཁྲིད་དེ་ཆུ་དང་། ལམ། གློག་བཅས་ཤར་གཏོང་ཐུབ་པ་བྱས་པ་དང་ཟམ་པ་དང་ཆུ་ཡུར་སོགས་བཟོས་ཏེ་གྲོང་ཚོའི་ལས་ཀ་ཚང་མ་རང་ཉིད་ཀྱི་ལས་ཀར་བརྩི་གི་ཡོད་ཅེས་བཤད།
         སྐབས་དེ་དུས་གྲོང་ཚོའི་ནང་དུད་ཚང་དབུལ་པོ་62ཡོད་པ་དང་མི་མང་པོས་ལག་རྩལ་ཤེས་ཀྱི་ཡོད་རུང་གཉེར་སྐྱོང་བྱ་ཡུལ་མེད་པས་ཁོང་གིས་གྲོང་ཚོའི་ལས་བྱེད་པ་གཞན་དང་གྲོས་བསྡུར་བྱས་རྗེས་རྫོང་དྲག་ཆས་པུའི་ཁ་སྤྲོད་དུ་ཚོང་ཁང་40རྒྱག་རྒྱུའི་གཏན་འཁེལ་བྱས། གྲོང་ཚོའི་མཉམ་སྡེབ་ཀྱི་རྒྱུ་ནོར་ལ་བརྩིས་ནས་གོང་ཁེ་པོས་གྲོང་མི་ཚོར་བོགས་མར་བཏང་བས་གྲོང་ཚོའི་ནང་གི་ཤིང་བཟོ་དང་གློག་གི་ཚ་ལ་རྒྱག་ཤེས་མཁན་ཚོར་ཚོང་གཉེར་བྱ་ཡུལ་བྱུང་ཡོད་པ་རེད།
         ཚོང་ཁང་བསྐྲུན་ཟིན་རྗེས་གྲོང་མི་ཚོའི་ཚོང་སྔ་ཙམ་ཡག་པོ་ཡོང་བ་བྱ་ཆེད། ཉི་མ་སྲི་ཆོས་ཀྱིས་རང་ཉིད་ཀྱིས་དངུལ་བཏང་ནས་དབང་པོ་སྐྱོན་ཅན་ཉི་མ་རྡོ་རྗེར་ཚ་ལ་རྒྱག་ཆས་ཉོས་པ་དང་མིག་དམར་ཚེ་རིང་ལ་ཚ་ལའི་ལག་རྩལ་བསླབ་པ་རེད། དེ་རྗེས་ཐུག་འཐག་ཁང་དང་། བོད་ཟས་ཁང་། སྣུམ་བཙིར་ཁང་སོགས་བཙུགས་ནས་ཚང་མ་ཚོང་གཉེར་བྱེད་འགོ་བརྩམས།
         ཉི་མ་རྡོ་རྗེས“ད་ཆ་ངས་སྟབས་བདེའི་ཁང་པ་དང་། སྐས་ཀ། སྒོ་སོགས་ཚ་ལ་བརྒྱབ་ནས་བཟོ་ཐུབ་ཀྱི་ཡོད། ཉིན་ལྟར་ཆ་སྙོམས་ཡོང་འབབ་སྒོར་300ཙམ་ཡོང་གི་འདུག ཚོང་ཡག་དུས་སྒོར་1400ཙམ་ཡོང་གི་འདུག གྲོང་ཚོའི་མཉམ་སྡེབ་ཀྱི་རོགས་རམ་འོག་རང་ཉིད་2014ལོར་དབུལ་སྒྲོལ་ཐུབ་བྱུང”ཞེས་སྨི་ངོས་གྲུ་30ལྷག་ཙམ་གྱི་ཚོང་ཁང་དུ་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།
         2014ལོ་ནས་བཟུང་ཉི་མ་སྲི་ཆོས་ཀྱིས་ཕྱོགས་མང་པོ་ནས་བརྟག་ཞིབ་བྱས་པ་བརྒྱུད་གྲོང་མི་ཁག་གཅིག་གི་སྣེ་ཁྲིད་དེ་སྦྲང་གསོའི་ལག་རྩལ་སྦྱངས་ནས་སྦྲང་གསོའི་མཉམ་ལས་ཁང་བཙུགས་པ་དང་སྦྲང་གསོའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད།
         ལོ་ཁ་ཤས་འཚོལ་ཞིབ་བྱས་པ་བརྒྱུད་རི་སྔོན་གྲོང་ཚོའི་སྦྲང་གསོ་མཉམ་ལས་ཁང་གི་ཡོང་འབབ་རིམ་བཞིན་ཡག་ཏུ་ཕྱིན་ཞིང་། “སྦྲང་བུ་ཇེ་མང་དང་སྦྲང་རྩི་ཇེ་ཡག་ཏུ་ཕྱིན་ཡོད། མིག་སྔར་གྲོང་ཚོར་སྦྲང་རྩི་གསོག་སྒམ་150ཡོད་པ་དང་། ལོར་སྦྲང་རྩི་རྒྱ་མ་8000ལྷག་ཙམ་ཐོན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་40ཙམ་ཟིན་གྱི་ཡོད”
         2016ལོར་ཉི་མ་སྲི་ཆོས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་དང་འབྲེལ་མཐུད་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཚང་མས་རང་འགུལ་ངང་མ་དངུལ་གྲབས་གསོག་བྱ་རྒྱུའི་སྐུལ་སློང་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་མཉམ་ལས་ཁང་བཙུགས་པ་རེད། “མཉམ་ལས་ཁང་གིས་ལོ་རེར་སྣུམ་ལྕགས་ཀྲིན་ཁྲི་2.4ལྷག་ཙམ་དང་གྲོ་ཞིབ་རས་ཕད་1000ལྷག་ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད། ལོ་རེའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་འདུག ‘ཟླ་རེར་གླ་ཕོགས་ལེན་རྒྱུ་ཡོད་པ་དང་ཁེ་སྤོགས་བགོ་རྒྱུ་ཡོད་པ’བྱུང་སོང”ཞེས་ཉི་མ་སྲི་ཆོས་ཀྱིས་གསར་འགོད་པར་བཤད། 2017ལོར་ཁོང་གིས་སྣེ་ཁྲིད་དེ་རི་སྔོན་གྲོང་ཚོའི་ཞིང་པའི་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས་པ་དང་གཙོ་བོ་ཞིང་འབྲོག་པའི་འདེབས་འཛུགས་དང་གསོ་སྤེལ་སོགས་ལག་རྩལ་གསོ་སྦྱོང་བྱེད་ཀྱི་ཡོད། མིག་སྔའི་བར། གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་བ་དང་ཞིང་འབྲོག་པའི་ཤེས་ལྡན་མི་སྣ་200ལྷག་ཙམ་གསོ་སྦྱོང་བྱས་ཡོད།
         “སྦྲང་གསོའི་ཐོན་ལས་ལ་མུ་མཐུད་མ་འཇོག་བྱ་རྒྱུ་ཕུད། ད་དུང་སྣོད་བཅུད་གླིང་ཁ་སྒྱུར་བཀོད་བྱ་རྒྱུ་དང་། བྱིས་པའི་རོལ་རྩེད་རྣམ་གྲངས་སྣོན་རྒྱུ་ཡིན་ལ་ཇ་ཁང་སོགས་བཙུགས་ཏེ་རི་སྔོན་གྲོང་ཚོའི་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་གཏོད་རྒྱུ”ཕུད། ཁོང་གིས་ད་དུང་དུད་ཚང་ཚང་མའི་ཡོང་འབབ་དང་དཀའ་ངལ་བརྗོད་བཞིན“ད་ཆ་གྲོང་ཚོའི་ནང་དབུལ་སྒྲོལ་ཐུབ་མེད་པའི་ཁྱོན་དུད་ཚང་4དང་མི་9ལས་ལྷག་མེད། འདི་ལོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་གདེང་ཚོད་ཆེན་པོས་གསར་འགོད་པར་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།