༄༅།།གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་ལྟ་ཞིབ་ཚད་
ལེན་བྱུང་བ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 05ཚེས་18ཉིན། 13:55】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་པའི་གྲུབ་འབྲས་གསར་ཤོས་ཐོག་ནས་མངོན་པར། གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་། སྣོད་བཅུད་འཛུགས་སྐྲུན་ལས་གྲྭ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་སོང་བ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་སྒོ་ནས་མཐོ་རུ་སོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་སོང་ཡོད།
མཚོ་སྔོན་གྱི་ལྷོ་ཕྱོགས་སུ་ཆགས་པའི་གཙང་གསུམ་ཆུ་འགོ་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་དང་ཆུ་རྩ་གསོ་འཁྱོངས་ཁུལ་ཞིག་རེད། དུས་རབས་གོང་མའི་དུས་མཇུག་ཏུ་མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་འགྱུར་བ་སོགས་ཀྱི་རྐྱེན་པས་ས་གནས་དེ་གའི་སྣོད་བཅུད་རིམ་བཞིན་ཞན་དུ་སོང་ཡོད། 2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ་དགུའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་པ་དང་2014ལོའི་ཟླ་དང་པོར་གཏོང་ཆ་སྔར་བས་ཆེ་བ་དང་ཚད་གཞི་སྔར་བས་ནན་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་མཇུག་མཐུད་ལས་དོན་སྤེལ་འགོ་བཙུགས་ཤིང་། སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་བྱེད་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་39.5ཟིན་ཡོད།
ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་གསར་ཤོས་ལས་མངོན་པར། དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱས་པའི་གྲུབ་འབྲས་དང་བསྡུར་ན་གཙང་གསུམ་ཆུ་འགོ་ཁུལ་དུ་སྤང་རྩྭ་ཁྱབ་ཚད་ཧ་ལམ་བརྒྱ་ཆའི་གྲངས་2མཐོ་རུ་སོང་བ་དང་། ནགས་ཚལ་ཁྱབ་ཚད་4.8%ནས་7.43%བར་མཐོ་རུ་སོང་བ། ལས་གྲྭ་ཁུལ་དུ་སྡོང་ཐུང་ནགས་ཚལ་ཆ་སྙོམས་ཁྱབ་ཚད་0.21%མཐོ་རུ་དང་ཆ་སྙོམས་མཐོ་ཚད་ལི་སྨི་0.82མཐོ་རུ་སོང་བ། བྱེ་ས་ཅན་བཅོས་སྐྱོང་བྱེད་ཚད་47%མཐོ་རུ་སོང་བ་བཅས་རེད།