འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་པ་བརྒྱུད་ནས་ཀྲུང་གོར་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  “ཟམ་པའི་ཐོག་ཏུ་སླེབས་སོང་། ང་ཟམ་པ་འདི་ནས་ཀྲུང་གོར་སྐྱོད་ཐུབ་ན་དགའ་བ་ལ་ཨང”ཞེས་ལོ་12ལ་སླེབས་པའི་མར་ཏི་ཝེའི་བུ་མོ་ནཱ་ཧྥུ་ལཱ་ཡིས་ལས་མཇུག་འགྲིལ་ཉེར་ཡོད་པའི་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་པའི་ཐོག་ལངས་ཏེ་འདི་ལྟར་བཤད། ཆར་ཟིམ་གྱི་ཁྲོད་དུ་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་གྱིས་དམིགས་བསལ་གྱི་སྐུ་མགྲོན་ཚོགས་པ་ཞིག་བསུས་ཤིང་། ཁོང་ཚོ་ནི་ས་གནས་འདིའི་ཅཱ་མན་ལེ་ཏིང་སློབ་གྲྭའི་སློབ་མ་30རེད།
         སློབ་ཕྲུག་རྣམས་གྲལ་སྟར་གཉིས་བསྒྲིགས་ནས་ཟམ་ཆེན་ཐོག་ཏུ་བསྐྱོད་ཅིང་། ཡ་མཚན་ཆེན་པོས་ཕྱོགས་བཞིར་ལྟ་གྱིན་རང་གི་འཁྲིས་སུ་ཡོད་པའི་ཀྲུང་གོའི་ཨ་ཁུ་བཟོ་པ་ཚོར“ཟམ་པ་འདི་ག་དུས་བསྐྲུན་ཚར་གྱི་རེད་དམ། ཟམ་པ་སྐྲུན་སྐབས་དཀའ་ལས་ཡོད་དམ། ཨ་ཁུ་བཟོ་པ་རྣམས་ལ་ཉེན་ཁ་ཡོད་དམ”ཞེས་དྲིས།
         ཟམ་ཆེན་སྐྲུན་མཁན་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་མཁའ་ལམ་ལས་དོན་ལས་གྲྭ་ཅུས་གཉིས་པ་ཚད་ཡོད་ཀུང་སིའི་ཨར་སྐྲུན་ལག་རྩལ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དབང་ལེ་ཡིས་སེམས་རྩ་འཁོལ་པོས“ཟམ་པ་འདི་ཉིན་100ལྷག་ཙམ་གྱི་རྗེས་སུ་ཚར་གྱི་རེད། རྒྱ་མཚོའི་རྦ་རླབས་ཆེ་བས་ཟམ་པ་སྐྲུན་བདེ་པོ་མེད། འོན་ཀྱང་ཨ་ཁུ་བཟོ་པ་1000ལྷག་ཙམ་གྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ད་ལྟ་དཀའ་ངལ་དེ་དག་བསལ་ཡོད། ཨ་ཁུ་བཟོ་པ་རྣམས་ཀྱི་ཆེད་ལས་ལག་རྩལ་བྱང་ཆུབ་པ་དང་བདེ་སྲུང་གྱོན་ཆས་གྱོན་ཡོད་པས་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད།
         ཀྲུང་གོ་དང་མར་ཏི་ཝེ་ཡིས་མཉམ་དུ་སྐྲུན་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་དེ་2016ལོའི་ལོ་འགོར་དངོས་སུ་ལས་འགོ་ཚུགས་ཤིང་། དེ་ནི་མར་ཏི་ཝེའི་ལོ་རྒྱུས་ཐོག་གི་ཟམ་ཆེན་དང་པོ་དེ་རེད་ལ། ཧིན་རྡུ་རྒྱ་མཚོ་སྒྲོལ་བའི་ཟམ་ཆེན་དང་པོ་ཡང་ཡིན་པ་མ་ཟད། ཀྲུང་གོ་དང་མར་ཏི་ཝེའི་ཟམ་ཆེན་དེ་མར་ཏི་ཝེའི་རྒྱལ་ས་མ་ལེ་དང་གནམ་ཐང་གླིང་ཕྲན་དང་འབྲེལ་ཡོད་པ་དང་། ཟམ་པ་དང་མཚོ་ལམ་གྱི་རགས་དང་དེ་བཞིན་འགྲོ་ལམ་སོགས་ལས་གྲུབ་ཅིང་སྤྱོད་ཡུན་ལོ་100རེད།
         ལོ་གཉིས་ལྷག་ཙམ་སྐྲུན་པའི་བརྒྱུད་རིམ་ནང་ས་གནས་འདིའི་སློབ་མ་བརྒྱ་གྲངས་ཁ་ཤས་ཀྲུང་གོ་ཕྱོགས་ཀྱིས་གཉེར་བའི་ཟམ་ཆེན་སྒོ་འབྱེད་ཉིན་མོའི་བྱེད་སྒོར་ཞུགས་ནས་སྔ་སྣུར་དུ་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ཟམ་ཆེན་དུ་བསྐྱོད་དེ་མར་ཏི་ཝེའི་ཟམ་ཆེན་དང་པོའི་མཛེས་སྡུག་གི་རྣམ་པ་མྱོང་རོལ་བྱས་པ་རེད། མར་ཏི་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་་དབྱང་ཡན་གྱིས་གསར་འགོད་པར་ཟམ་ཆེན་སྒོ་འབྱེད་བྱེད་སྒོ་གཉེར་དོན་ནི་ས་གནས་དེ་གའི་མི་རྣམས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལས་བྱུང་བའི་ཕན་པ་ཚོར་བ་བྱ་རྒྱུ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱི་དོན་སྙིང་དེ་བས་རྟོགས་ཆེད་ཡིན་ཞེས་བཤད།
          ཅཱ་མན་ལེ་ཏིང་སློབ་གྲྭས་2016ལོ་ནས་བཟུང་ལོ་རིམ་བཞི་པ་ནས་ལོ་རིམ་བདུན་པའི་བར་རྒྱ་ཡིག་སློབ་ཚན་འཁྲིད་འགོ་ཚུགས་པ་དང་དེ་ཉིན་ལྟ་སྐོར་བྱེད་མཁན་སློབ་མ་མང་ཆེ་བས་རྒྱ་སྐད་ཤོད་ཤེས་ཀྱི་ཡོད།
         ལྟ་སྐོར་ཚར་རྗེས་སློབ་མ་ཚོས་ལས་བཟོ་ཚོ་དང་འབྲལ་མི་ཕོད་པར་རྗེས་སུ་མཇལ་ཡོང་ཞེས་བཤད་དེ་ཟམ་ཆེན་འགྲམ་གྱི་མ་ལེ་གྲོང་ཁྱེར་ལྟེ་གནས་ཀྱི་གནམ་ཐང་ཐང་ཆེན་ཕྱོགས་སུ་བསྐྱོད། དེ་གར་ཟས་རིགས་སྣ་ཚོགས་བཤམས་ཏེ་ཁོང་ཚོ་བསྒུགས་ནས་བསྡད་ཡོད།
          མར་ཏི་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་ཆ་ཤས་ཤིག་ཡིན་པའི་ཀྲུང་གོའི་ཞིམ་ཟས་དུས་ཆེན་གནམ་ཐང་དུ་འགོ་ཚུགས་ཤིང་། རྒྱ་ཐུག་བརྔོས་མ་དང་། ལོ་གསར་ཐུད་ཟས། ཤ་བསྙལ་མ་སོགས་ནི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་མར་ཏི་ཝེར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་བཟོས་པ་ཞིག་རེད།
         ཡུད་ཙམ་ཞིག་ལ་ཐང་ཆེན་དུ་མི་མང་པོ་འཛོམས་ཤིང་། ཐང་ཆེན་གྱི་གཞོགས་གཅིག་ཏུ་ཡོད་པའི་རོལ་རྩེད་བྱ་ཡུལ་དུ་དེ་བས་འཁྲུག་ཆ་དོད་པ་དང་ཁོ་ཙེ་སྤྱོད་སྟངས་དང་། རྒྱ་ཡིག་འབྲི་སྟངས། འབག་འབྲི་སྟངས་བཅས་རྩེད་མོའི་ཁྲོད་མི་ཚོས་ཀྲུང་གོའི་རིག་གནས་ཚོར་བ་རེད།
         ས་གནས་དེ་གའི་དང་བླངས་པ་མུའུ་ཧན་མོ་ཏེ་ཆི་ཧན་གྱིས་གྲོགས་པོ་ཆུང་ཆུང་ཚོར་པིར་སྤྲོད་བཞིན“ས་གནས་འདིའི་མི་ཚང་མས་ཟམ་ཆེན་འདི་ཀྲུང་གོས་རོགས་རམ་བྱས་ནས་བསྐྲུན་པ་ཤེས་མོད། འོན་ཀྱང་། ཀྲུང་གོར་དེ་ཙམ་རྒྱུས་མངའ་མེད། ད་ཐེངས་ཟམ་ཆེན་འགྲམ་དུ་ཀྲུང་གོའི་ཞིམ་ཟས་མྱོང་རོལ་དང་ཀྲུང་གོའི་རིག་གནས་སློབ་སྦྱོང་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པར་བརྟེན་ཕྱིས་སུ་ད་དུང་བྱེད་སྒོ་འདི་འདྲ་སྤེལ་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།